(1a) དབུ་མ་ཚིག་གསལ་གྱི་ཏི་ཀ་ (1b1)། །སྐལ་ལྡན་དེང་སང་ཕལ་ཆེར་དམན་པ་ལ་མོས་ཀྱང་། ། ལུགས་བཟང་ལ་བརྟེན་གཞུང་ལས་འདོད་དོན་སྙེད་གྱུར་པ། ། ད་ལྟར་ཁོ་བོར་བས་ཏེ་འདིར་ཡང་གཞུང་འདིས་བྱེད། ། གྲོགས་ཀྱིས་རིག་པར་བྱ་ཕྱིར་འདིར་འདི་བཀོད་པ་བྱ། ། ། ། (1) ཚིགས་སུ་བཅད་པ་བཞི་པོ་འདི་ནི་ཚོགས་པའི་ཚིགས་སུ་བཅད་པ་ཡིན་ཏེ། དོན་ཅིག་གཙོས་བོར་སྟོན་ (1b2) པའི་ཕྱིར་རོ། །མཚན་དང་མཐུན་པར་ཡོན་ཏན་བརྗོད་པ་ཕྱག་འཚལ་བ་བཤད་པར་དམ་བཅའ་བ་དང་བཅས་པ་སྟོན་ཏོ། །འདི་ལྟར་དེའི་ཚིག་ཅེས་པ་མན་ཆད་བཤད་པར་དམ་བཅའ་ངག་དོན་གཙོ་བོ་ཡིན་ལ། ཚིགས་སུ་བཅད་པ་གསུམ་དང་ཚེག་བར་བདུན་ནི་དོན་ཕལ་པའོ། །མཆོད་བརྗོད་ལ་གཉིས་ཏེ་མཚན་དང་མཐུན་པའི་ཡོན་ཏན་ནི་ན་ག་ཀླུ་དང་ཆོས་འཐུན་པས་བསྟོད་པ་དང་། (1b3) ཨར་བསཇུ་ན་ཅེས་པ་རྒྱལ་པོ་སྐྱ་བསེང་གི་བུ་སྲིད་སྒྲུབ་དང་མཐུན་པས་བསྟོད་པའོ། ། འདི་ལ་བསྡུས་དོན་དང་ཚིག་དོན་དགྲོལ་བ་གཉིས་སོ། དང་པོ་ལ་གཉིས་ཏེ། བསྟོད་པའི་མཆོད་པ་དང་། ཕྱག་གི་མཆོད་པའོ། དང་པོ་ལ་ཡང་གཉིས་ཏེ། རང་དོན་དང་གཞན་དོན་གྱི་སྒོ་ནས་བསྟོད་པའོ། ། རང་དོན་གཉིས་ནི་ཕྱེད་དང་པོས་འཆད་ཏེ། སྤངས་པ་ཕུན་སུམ་འཚོགས་པ་དང་། རིགས་བཙུན་ (1b4) པ་དང་འབྲེལ་པས་བསྟོད་པ་སྟེ་རྐང་པ་གཉིས་ཀྱིས་རིམ་པ་གཞན་སྟོན་ཏོ། ། ཐབས་དང་ངོ་བོ་གཉིས་ཀྱིས་གཞན་དོན་སྟེ། ཕྱེད་ཀྱིས་ཐབས་བཤད་དེ། ངོ་བོ་ལ་གཉིས་ལས་སྤངས་པ་ཕུན་སུམ་འཚོགས་པའོ། འདི་ལ་ཡང་གཉིས་ལས། རྒྱུ་སྤངས་པ་ཕུན་སུམ་འཚོགས་པ་ཐབས་བརྗོད་བྱ་རིགས་པའི་ཚོགས་དང་འབྲེལ་པ་ནི་ཚིགས་སུ་བཅད་པ་ཅིག་གིས་སོ། །འབྲས་བུ་སྤངས་ (1b5) པ་ཕུན་སུམ་འཚོགས་པ་ཐབས་བརྗོད་བྱེད་སྒྲའི་ཆ་དང་འབྲེལ་པ་ནི་ཚིགས་སུ་བཅད་པ་གསུམ་པས་སྟོན་ཏེ། ལྡན་པ་ཕུན་སུམ་འཚོགས་པ་གསུམ་པའི་རྐང་པ་དང་པོ་གསུམ་གྱིས་སྟོན་ཏོ། ། བསྡུས་དོན་དེ་ལྟར་ཡིན་པའི་ཚུལ། ། ཚིག་དོན་རྣམ་པར་བཤད་གྱུར་པས། ། ངེས་པར་གྱུར་པ་ཡིན་པའི་ཕྱིར། ། ཚིག་གི་དོན་ནི་གསལ་བར་བྱེད། ། (2) གང་ཞིག་མཐའ་གཉིས་གནས་ལ་གནས་ (1b6) བསལ་ཅིང་། །ཀླུ་དེ་ལ་ཕྱག་འཚལ་ལོ་ཞེས་བྱ་བོ། །གང་ཞིག་སྤྱི་སྒྲ་ཡིན་ལ་སྐབས་ཀྱིས་ཀླུ་ལ་འཇུག་པས་གང་ཞིག་དང་ཀླུ་གཉིས་ཀ་གཞི་འཐུན་ནོ། །མཐའ་གཉིས་གནས་བསལ་ཅེས་པ་ནི་མཐའ་གཉིས་སྤངས་པའོ། །འདི་ལྟར་ཀླུ་ནི་རྒྱ་མཚོའི་ཕ་རོལ་དང་ཚུ་རོལ་གཉིས་སྤངས་ནས་དབུས་ན་གནས་སོ། །དེ་བཞིན་དུ་སློབ་དཔོན་འདི་ཡང་ཡོད་མེད་ཀྱི་མཐའ་བསལ་ཀླུ་ (1b7) དང་འདྲའོ། །ཆོས་མཐུན་ནི་མཐའ་གཉིས་སྤངས་པར་མཚུངས་ཏེ། དེས་ཕ་རོལ་ཚུ་རོལ་གྱི་ཆ་གཉིས་བསལ་བ་ལྟར་འདིས་ཀྱང་ཡོད་མེད་གཉིས་ཀྱི་མཐའ་སྤངས་པའི་ཕྱིར་རོ། ། གནས་ཅེས་པ་ནི་ཕ་རོལ་ཚུ་རོལ་གཉིས་གནས་ཡིན་ཏེ་གནས་པར་བྱ་བས་ན་གནས་སོ། །འདུག་པའི་བྱ་བ་དང་ལྡན་པ་ཡང་གནས་ཡིན་ཏེ་གནས་པས་ན་གནས་སོ། །དེ་བཞིན་དུ་ཡོད་མེད་གཉིས་ཀྱང་གནས་ཡིན་ (1b8) ཏེ་མ་རིག་པ་དང་ལྡན་པ་རྣམས་ཀྱི་ཞེན་ས་ཡིན་པས་གནས་ཏེ། ལ་ལས་ཡོད་པར་ཞེན། ལ་ལས་མེད་པར་འཛིན་པ་ན་གནས་ཡིན་པའི་ཕྱིར་རོ། །གང་ཞིག ། རྫོགས་སངས་རྒྱས་བློ་རྒྱ་མཚོར་སྐྱེ་བ་མཉེས་པའི་ཀླུ་དེ་ལ་ཞེས་བྱའོ། །དགའ་བོ་དང་འཇོག་པོ་རྒྱ་མཚོར་སྐྱེས་པ་ལྟར་འདི་ཡང་མི་རྟོག་པའི་རྒྱ་མཚོར་འཁྲུངས་སོ། །འདི་ལྟར་འཕགས་པ་དང་ཀླུ་གཉིས་རྒྱ་མཚོའ་ལས་སྐྱེས་ (2a1) པར་ཆོས་འཐུན་ཏེ། དེ་རྒྱ་མཚོའི་ནང་དུ་སྐྱེས་པ་ལྟར་འདི་ཡང་མཐོང་ལམ་མི་རྟོག་པའི་རྒྱ་མཚོར་སྐྱེས་སོ། །དང་པོ་མ་ལས་སྐྱེས་པས་སྐྱེ་བྱེད་མ་ཡིན་ཡང་གནས་སྐབས་མཐོང་ལམ་དུ་སྐྱེས་ཏེ། །མཐོང་ལམ་ཐོབ་པས་འཕགས་པར་གྱུར་པའི་ཕྱིར་རོ། །རྫོགས་སངས་རྒྱས་པ་ནི་བཅུ་ཅིག་ཀུན་ཏུ་འོད་ཀྱི་ས་ཐོབ་པ་སངས་རྒྱས་རྣམས་སོ། །བློ་ནི་དོན་དམ་སེམས་སྐྱེད་དེ་མཐོང་ལམ་གྱི་ཡེ་ཤེས་ལ་ (2a2) བརྗོད་དོ། །དེ་ལྟར་ན་རྫོགས་པའི་སངས་རྒྱས་ཀྱི་ཆེད་ཀྱི་དོན་བློ་ཞེས་བྱ་སྟེ། ཆེད་མ་མངོན་པའོ། །བློ་དང་རྒྱ་མཚོའ་འདྲ་བའི་རྒྱུ་མཚན་ནི་གཏིང་ཟབ་པ་དང་། རྒྱ་ཆེ་བ་དང་། དཀའ་བ་དཔག་ཏུ་མེད་པས་བགྲོད་པར་བྱ་བ་དང་། རིན་པོ་ཆེ་འབྱུང་པ་སྟེ། ཆོས་བཞི་རྒྱ་མཚོའ་ལ་ཡོད་པ་ལྟར། མི་རྟོག་པའི་ཡེ་ཤེས་ཀྱི་རྒྱ་མཚོའ་ལ་ཡང་ཆོས་བཞི་སྟེ། ཟབ་པ་དང་རྒྱ་ཆེ་བ་དང་། དཀའ་བས་བགྲོད་པ་དང་། རིན་པོ་ཆེ་ (2a3) འབྱུང་པའོ། ། འདི་ལྟར་ཉན་ཐོས་མན་ཆེད་ཀྱི་ས་དེ་མི་རྟོག་པའི་ཕྱིར་དང་། ས་དང་པོ་ནས་བཅུ་པའི་བར་དུ་རྗེའི་གནས་པའི་ཕྱིར་དང་། ས་དེ་ཚོགས་གཉིས་ཀྱིས་བགྲོད་པར་བྱ་དགོས་པའི་ཕྱིར་དང་། སྟོབས་ལསོགས་པ་རིན་པོ་ཆེ་འབྱུང་པའི་ཕྱིར་རོ། ། ཀླུ་བཞིན་གཉིས་སྤངས་ཉིད་ཀྱི་ཕྱིར། ། སྤངས་པ་ཕུན་སུམ་འཚོགས་པར་བརྗོད། ། ཀླུ་བཞིན་མི་རྟོག་འཚོའ་སྐྱེས་ཕྱིར། ། རིགས་བཙུན་པ་དང་རྗེས་སུ་འབྲེལ། ། (3) བསྡུ་པའི་ (2a4) ཚིགས་སུ་བཅད་པའོ། ། ། ། གཞན་དོན་དང་པོ་ཐབས་བཤད་པ། གང་ཞིག ། དམ་ཆོས་མཛོད་ཀྱི་ཟབ་མོ་ཉིད་ཇི་ལྟར། ། རྗེས་སུ་རྟོགས་བཞིན་ཐུགས་རྗེས་སྟོན་པར་མཛོད། །ཀླུ་སྒྲུབ་དེ་ལ་ཕྱག་འཚལ་ཞེས་བྱའོ། །རྩ་ཤེ་བརྗོད་བྱ་བརྗོད་བྱེད་སྟོན་པ་ནི་གཞན་དོན་བྱེད་པའི་རྒྱུའི་གཙོའ་པོ་ཡིན་ནོ། །དམ་པ་ནི་སངས་རྒྱས། ཆོས་ནི་སྡུག་བསྔལ་དང་ངན་སོང་ལས་སྐྱོབ་ཅིང་འཛིན་པས་ཆོས་དེ་སངས་རྒྱས་ (2a5) ཀྱི་གསུང་ངོ་། །བརྗོད་བྱ་སྦྱིན་པ་ལསོགས་པ་དང་རྟེན་འབྲེལ་གྱི་རང་བཞིན་གྱིས་འཛིན་པ་དང་སྐྱོབ་པར་བྱེད་དོ། །གཉིས་པ་གཞི་མཐུན་དུ་བཤད་ན་དམ་ཆོས་ནི་ཆོས་བཟང་ཤོས་ཏེ། རྟེན་འབྲེལ་ནི་ཆོས་བཟང་པོ་བཤད་པ་འདི་གོའུ་ཏམ་ན་ཡོད་དོ། །དམ་ཆོས་མཛོད་ནི་སངས་རྒྱས་ཀྱི་གསུང་སྟེ། མཛོད་ཀྱི་ནང་ན་ནོར་ཡོད་པ་བཞིན་བརྗོད་བྱ་བརྟེན་འབྲེལ་སྟོང་ཉིད་ཟབ་མོ་དེ་གསུང་གི་ནང་ན་ཡོད་པའོ། ། (2a6) ཉིད་ནི་ཀླུ་ལ་མི་ཟེར་ཏེ་དངོས་པོའི་རྐྱེན་བརྗོད་པ་སྟེ། དམ་ཆོས་མཛོད་ཀྱི་ཟབ་མོ་དངོས་ཇི་ལྟར་ཞེས་བྱ་བའོ། །སྟོན་པའི་རྣམ་པ་ཇི་ལྟར་རྗེས་སུ་རྟོགས་བཞིན་ཞེས་བྱ་བ་སྟེ། གཞན་ལ་ཐོས་ནས་སྟོན་པ་མ་ཡིན་གྱི་ ཀླུ་རང་གི་ཉམས་སུ་མྱོང་པས། གྲུབ་པ་གཞན་ལ་སྟོན་པའོ། །ཐུགས་རྗེས་སྟོན་པ་གཞན་ལ་སྟོན་པའོ། །ཐུགས་རྗེས་སྟོན་པ་ཅེས་པ་གཞན་ལ་སྟོན་པའི་རྒྱུ་སྟེ། (2a7) སྙིང་རྗེ་ནི་ཐབས་ཀྱི་ཐབས་སུ་གྱུར་པའོ། །འདི་ལྟར་གཞན་དོན་བྱེད་པའི་རྒྱུ་ནི་ཆོས་སྟོན་པ་ཡིན་ལ། དེའི་རྒྱུ་སྙིང་རྗེ་ཡིན་པའི་ཕྱིར་རོ། །ཐབས་ཀྱི་ཚིགས་སུ་བཅད་པ་ཕྱེད་པོ་འདི་ལ་ཆོས་མཐུན་མྱེད་གསུང་ངོ་། །བདག་ལྟར་ན་འདི་ལའང་ཆོས་འཐུན་ཡོད་སྟེ། ཀླུས་རང་གི་མཛོད་ན་ཡོད་པའི་ནོར་རྩེ་བས་བུ་ལ་སྟོན་པ་བཞིན། །འཕགས་པས་ཀྱང་བརྩེ་བས་རང་གིས་རྟོགས་པའི་ལམ་གཞན་ལ་ (2a8) སྟོན་པས་སྟོན་པར་མཚུངས་སོ། ། གང་ཞིག་སེམས་ཅན་དོན་ལ་སྒྲིམ་འདོད་པས། ། གཙོའ་བོའི་རྒྱུ་ནི་ཤིན་ཏུ་རྟེན་བྱས་སྟེ། ། བརྗོད་བྱ་བརྗོད་བྱེད་རྣམ་པར་མ་ཕྱེ་བ། ། འདི་ནི་གཞན་དོན་སྒྲུབ་པའི་ཐབས་ཡིན་ནོ། ། (4) གང་གི་ལྟ་བའི་མེ་དག་གིས། ། ད་དུང་ཕས་རྒོལ་གཞུང་ལུགས་ཀྱི། ། བུད་ཤིང་དང་ནི་འཇིག་རྟེན་གྱི། ། ཡིད་ཀྱི་མུན་རྣམས་འཇོམས་པར་མཛད་ པའི་ཀླུ་ཞེས་བྱ་བའོ། ། (2b1) འདིས་རྒྱུ་སྤངས་པ་ཕུན་སུམ་འཚོགས་པ་ཐབས་བརྗོད་བྱ་རིགས་པའི་ཚོགས་དང་འབྲེལ་པ་བསྟན་ཏོ། །གང་དང་དེ་གཉིས་འབྲེལ་པ་ཡོད་པས་ཀླུ་ཞེས་སྦྲེལ་ལོ། །གང་གི་འབྲེལ་པ་སྟོན་པའི་སྒྲ་ཡིན་པས་ཀླུ་གང་ཞེས། ཀླུ་དེ་དང་འབྲེལ་ལོ། ལྟ་པ་ནི་ཀླུའི་ལྟ་པ་སྟེ་དེའི་མིག་གོ །ཀླུའི་མིག་གིས་གཞན་ལ་ལྟས་ན་བསྲེག་པར་བྱེད་དེ་མཐོང་པ་དུག་ཅན་ཡིན་པའི་ཕྱིར་རོ། །དེས་ན་ (2b2) བསྲེག་པས་ན་མེའོ། །སློབ་དཔོན་གྱི་ལྟ་བའི་མེ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ། གཉིས་སུ་མེད་པའི་ཡེ་ཤེས་ལས་བྱུང་པའི་ལྟ་བའི་མེ་དག་གིས་བུད་ཤིང་བསྲེག་པར་བྱེད་སྟེ། ལས་དང་བྱུང་མ་མངོན་པའོ། །མེ་དང་འདྲ་བས་མེ་སྟེ་བདག་ལས་མ་ཡིན་གཞན་ལས་མིན་ཅེས་པ་ལསོགས་པའི་འཐད་པ་ཉིད་མེ་ཡིན་ནོ། །ད་དུང་ནི་སློབ་དཔོན་བཞུགས་པ་ན་བསྲེག་པར་མ་ཟད་ཀྱི་ད་ལྟ་རྩ་ཤེ་ཡོད་ (2b3) པས་ཀྱང་བསྲེག་པར་བྱེད་ཅེས་བྱ་བའོ། ། བསྲེག་བྱ་ཕས་རྒོལ་ནི་བཅུ་སྟེ། །གཞན་སྡེ་ལྔ་རང་སྡེ་ལྔའོ། །གྲངས་ཅན་དང་བྱེ་བྲག་པ་པ་དང་སྤྱོད་པ་པ་དང་རྒྱང་ཕན་པ་དང་ཟ་བྱེད་པའོ། །རང་སྡེ་ནི་མདོའ་སྡེ་པ་དང་བྱེ་བྲག་སྨྲ་བ་དང་། མང་པོས་བཀུར་པ་དང་སེམས་ཙམ་རྣམ་བདེན་དང་རྣམ་བརྫུན་པའོ། །གཞུང་ལུགས་ནི་བཅུ་པོའི་འདོད་པ་བསྟོན་པའི་གཞུང་ལུགས་ཏེ། གྲངས་ཅན་པ་ཉི་ཤུ་རྩ་བཞི་ (2b4) ཆོས་སུ་འདོད་ཤེས་རིག་གི་སྐྱེས་བུ་བདག་དུ་འདོད། །བྱེ་བྲག་པ་དང་སྤྱོད་པ་གཉིས་ནི་སྤྱི་དང་བྱེ་བྲག་དང་ལས་དང་འདུ་བ་དང་། རྫས་དང་ཡོན་ཏན་དྲུག་ཆོས་སུ་འདོད་དོ། །ཡོན་ཏན་དགུའ་དང་ལྡན་པ་ནི་བདག་གོ །རྒྱང་པན་པ་འབྱུང་པ་བཞི་ཆོས་སུ་འདོད། འབྱུང་པའི་ནུས་པ་བདག་དུ་འདོད་དོ། །ཟད་བྱེད་པ་རྫས་དང་རྣམ་གྲངས་ཆོས། སྲོག་བདག་དུ་འདོད་དོ། །མདོའ་སྡེ་པ་དང་བྱེ་བྲག་སྨྲ་བ་དང་། (2b5) རྣམ་བདེན་རྣམ་བརྫུན་བཞི་ནི་ཆོས་ཡོད་པར་འདོད། །མང་པོར་བཀུར་པ་ནི་བདག་ཀྱང་འདོད་དོ། །བུད་ཤིང་ནི་བཅུ་པོའི་ལྟ་པའོ། །དེ་དག་བུད་ཤིང་འདྲ་བས་བུད་ཤིང་སྟེ་བསྲེག་བྱ་ཡིན་པའི་ཕྱིར་རོ། ། གཞན་ཡང་འཇིག་རྟེན་གྲུབ་མཐས་བློ་མ་སྒྱུར་བ་མངོན་ཞེན་ཅན་ཡང་བསྲེག་པར་བསྟན་པ་ནི། འཇིག་རྟེན་གྱི། ཡིད་ཀྱི་མུན་རྣམས་འཇོམས་པར་མཛད་ཅེས་པ་སྟེ། བ་གླང་རྫི་ལས་ (2b6) བསོགས་པ་བསྟན་བཅོས་ཉན་མ་མྱོང་པ་ཐམས་ཅད་ཀྱི་མངོན་ཞེན་ངན་པ་ཐམས་ཅད་ཀྱང་རྩ་ཤེའི་བརྗོད་བྱས་སྤོང་པར་བྱེད་དོ་ཞེས་བྱ་པའི་ཐ་ཚིག་གོ ། ལྟ་དང་མ་རིག་གཉིས་བསལ་ཕྱིར། ། རྒྱུ་སྤངས་ཕུན་འཚོགས་ཞེས་པར་བརྗོད། ། སྤྲོས་བྲལ་དོན་མྱེད་ཐུག་མྱེད་གཉིས། ། དབུའ་མ་རྩ་བའི་བརྗོད་བྱ་ཡིན། ། (5) ངག་དོན་གྱི་ཚིགས་སུ་བཅད་པ་ཡིན། ། གང་གི་གཉིས་མྱེད་ཡེ་ཤེས་གསུང་མདའི་ཚོགས། ། (2b7) ལྷ་དང་བཅས་པའི་གདུལ་བྱའི་འཇིག་རྟེན་ལ། ། ཁམས་གསུམ་དག་དུ་རྒྱལ་ཐབས་ལེགས་མཛད་པས། ། སྲིད་པའི་དགྲའ་སྡེ་མ་ལུས་འཇོམས་མཛད་པ། སྒྲུབ་ཞེས་བྱའོ། འདིས་འབྲས་བུ་སྤངས་པ་ཕུན་སུམ་འཚོགས་པ་ཐབས་བརྗོད་བྱེད་སྒྲའི་ཆ་དང་འབྲེལ་པ་སྟོན་ཏོ། །གང་གི་གཉིས་མྱེད་ཡེ་ཤེས་སྟོན་པའི་གསུང་མདའི་ཚོགས་ཀྱིས་སྲིད་པའི་དགྲའ་སྡེ་མ་ལུས་འཇོམས་མཛད་པ། སྒྲུབ་དེ་ཅེས་སྦྱར་ (2b8) རོ། །མདའ་ནི་འཇིག་རྟེན་པའི་མདའ་སྟེ་དྲང་པ་དང་དངོས་པོ་གཞན་འབིགས་པར་བྱེད་པའི་ཆོས་གཉིས་ཡོད་པ་བཞིན་དུ། གསུང་འདི་ལ་ཡང་མདའི་ཆོས་གཉིས་ཡོད་པས་མདའ་དང་འདྲ་སྟེ། དྲང་པ་དང་གཞན་འབིགས་པར་བྱེད་པའོ། །མི་བདེན་པར་དོར་བའི་ཚིག་ཡིན་པ་དང་མི་མཐུན་པ་སེལ་བའི་ངག་ཡིན་པའི་དོན་དོ། །མདའི་ལས་གང་ཡིན་ན། རྐང་པ་ལྷག་མ་གཉིས་ཀྱིས་སྟོན་ཏེ། ། (3a1) དཔེར་ན་སྲིད་སྒྲུབ་ཀྱི་མདའ་དེས་རང་གི་སྤུན་ཟླ་བཞི་ལ་རྒྱལ་སྲིད་སྟེར་ཞིང་སྒྲ་མི་སྙན་པའི་མི་ཕ་སྤུན་པོ་བརྒྱ་ཕམ་པར་བྱེད་པ་བཞིན། སློབ་དཔོན་ཀླུ་སྒྲུབ་ཀྱི་གསུང་སྒྲའི་ཆ་འདིས་ཀྱང་ཁམས་གསུམ་གྱི་ལྷ་མི་གཉིས་ལ་ཆོས་ཀྱི་རྒྱལ་སྲིད་སྒྲུབ་ཅིང་འཁོར་བ་འཇོམས་པར་བྱེད་དོ། །རྒྱལ་པོ་སྐྱ་བསེང་རང་མ་ནིང་ཡིན་པས་བུ་མི་འབྱུང་ངོ་། །དེས་ན་བུ་ཡར་ལྔ་སྟེ། འཇིགས་སྡེ་དང་། ཀར་ཀོན་པ་དང་། (3a2) སྲིད་སྒྲུབ་ལསོགས་པའོ། ། སྒྲ་ངན་བརྒྱ་མཚོའི་མཐའ་ཀླས་ན། ། གཞུའ་མཆོག་ཅན་གྱི་དྲུང་ན་ནི། ། གཞུའ་མདུང་ཅན་རྣམས་ཇི་སྙེད་པ། ། ཐམས་ཅད་བུད་མྱེད་ཡིན་སྙམ་བྱེད། ། ཅེས་པས་སྲིད་སྒྲུབ་འཕོང་རྐྱེན་ནོ། །འདིས་རང་གི་སྤུན་ཟླ་ལ་རྒྱལ་སྲིད་སྟེར། །སྒྲ་མི་སྙན་ན་ཡོད་པའི་རང་གི་ཕ་སྤུན་པོ་བརྒྱ་འཇོམས་སོ། །བ་ག་ཏ་ཏ་ཞེས་པ་མར་ཡུལ་འཛིན་པ་སྟོབས་ཅན་ཞིག་ཡོད་པ་དེ་ཡང་ (3a3) ཕམ་པར་བྱས་སོ། །གླ་གློའི་རྒྱལ་པོ་བ་ག་ཏ་ཏའི་སྙིན་མ་ཡར་འདེགས་པའི་ལ་བ་གླང་སྟོང་གི་བཀོའ་བ་བགོས་ལ། ཀོ་བ་མདས་བཅད་པས་མིག་བཀབ་ནས་ཤི་ལོ། ། བཅས་ཅེས་པས་མི་སྡུད་དོ། །རྒྱལ་ཐབས་ནི་རྒྱལ་པོའི་ཆོས་ཏེ། གཟུགས་བཟང་པ་དང་འཁོར་བཟིའ་བརྗིད་ཆེ་བ་དང་མངའ་ཆེ་བ་དང་ལོངས་སྤྱོད་ཆེ་བ་དང་བདེའ་བ་ཆེ་བ་དང་དཔའ་བ་དང་བརླབས་ཆེ་བའོ། །སངས་རྒྱས་རྒྱལ་པོ་དང་འདྲ་བར་ཆོས་ (3a4) བདུན་དང་ལྡན་ཏེ། མཚན་དང་དཔེའ་བྱེད་ལསོགས་པས་གཟུགས་བཟང་པ་དང་། འཇམ་དཔལ་ལསོགས་པ་འཁོར་གཟིའ་བརྗིད་དང་ལྡན་པ་དང་། ཆོས་ཀྱི་ལོངས་སྤྱོད་མངའ་བ་དང་། ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའ་གསུམ་ལ་མངའ་སྒྱུར་པ་དང་། ཟག་པ་མེད་པའི་བདེའ་པ་དང་ལྡན་པ་དང་། བདུད་འདུལ་བ་ལ་དཔའ་བ་དང་། སྦྱིན་པ་ལསོགས་པ་བརླབས་ཆེན་པོ་མཛད་པའོ། ། རྐང་པ་ཐ་མས་འབྲས་ (3a5) བུ་སྤངས་པའི་ངོ་བོ་སྟོན་ཏེ། སྲིད་པ་ནི་འཁོར་བ་སྟེ། ས་སྟེང་ས་འོག་ས་བརླའོ། །དེ་ཉིད་དགྲ་སྟེ། ཐར་པའི་སྲོག་འཕྲོག་པར་བྱེད་པའི་ཕྱིར་རོ། །ལྷ་དང་མི་དང་དུད་འགྲོ་ལསོགས་པ་ཚན་ཚན་ཡོད་པས་སྡེའོ། །ཡང་ན་འགྲོ་བ་ཅིག་ལ་ཡང་མང་པོ་ཡོད་པས་སྡེ་ཚན་ནོ། །ཐ་ན་ས་བཅུ་པའི་ཆོས་ཡིད་ཀྱི་རང་བཞིན་གྱི་ལུས་ཀྱང་འཇོམས་པར་བྱེད་པས་མ་ལུས་ཅེས་པའོ། །ཐབས་ (3a6) ཀྱི་ཚིགས་སུ་བཅད་པ་ཕྱེད་ཀྱིས་བརྗོད་བྱ་བརྗོད་བྱེད་མ་ཕྱེ་བར་བསྟན། དེའི་འོག་མ་ཤུ་ལོ་ཀ་གཅིག་གིས་བརྗོད་བྱ། །ཚིགས་བཅད་གསུམ་པས་བརྗོད་བྱེད་བསྟན་ཏོ། །ལྡན་པ་ཕུན་སུམ་འཚོགས་པ་བཤད་པ། །གང་གིས་གཉིས་མེད་ནས་ལེགས་མཛད་པས་ཅེས་པའི་བར་རྐང་པ་གསུམ་མོ། །རྐང་པ་དང་པོས་ཐབས་བསྟན། །ལྷག་མ་གཉིས་ཀྱིས་མདའི་ལས་སྟོན་ཏོ། །པས་ཀྱིས་དོར་བར་ (3a7) བྱེད་པས་སྔར་ནི་བྱེད་པའི་གསུམ་པ་ཡིན་པས་འོག་མ་དང་འབྲེལ་པའི་དོན་དུ་དགོས། །ད་ལྟ་ནི་འོག་མ་དང་མི་འབྲེལ་པས་དགོས་པ་མེད་དོ། །དོན་འདི་ཡིན་ཏེ་སྲིད་སྒྲུབ་ཀྱི་མདའ་དེས་དགྲའ་བཅོམ་ནས་སྤུན་ཟླ་ལ་རྒྱལ་སྲིད་སྟེར་བས། སྤུན་ཟླ་རྒྱལ་སྲིད་དང་ལྡན་པ་བཞིན། སློབ་དཔོན་གྱི་ངག་འདིས་ཀྱང་སྲིད་པ་བཅོམ་ནས་ལྷ་མི་ལ་ཆོས་ཀྱི་རྒྱལ་སྲིད་སྟེར་བས། ལྷ་མི་སངས་རྒྱས་དང་ལྡན་ (3a8) པར་བྱེད་པའོ། །དེ་ཉིད་ཀྱི་ཕྱིར་ལྡན་པ་ནི་གཞན་དོན་དངོས་ཡིན་ཏེ། ལྷ་མི་གཉིས་སངས་རྒྱས་དང་ལྡན་པར་བྱེད་པའི་ཕྱིར་རོ། ། སྲིད་པ་རྒྱུར་བཅས་ཀུན་བཅོམ་ཕྱིར། ། རྒྱུ་འབྲས་སྤངས་པ་ཕུན་འཚོགས་སོ། ། ཁམས་གསུམ་ལྷ་མི་རྣམ་གཉིས་ལ། ། བྱང་ཆུབ་སྒྲུབ་ཕྱིར་ལྡན་པའོ། ། ། ། (6) བསྟོད་པའི་མཆོད་པ་བཤད་ཟིན་ཏོ། ། ། ། (3b1) ད་ནི་སྤྱི་དོན་གཉིས་པ་ཕྱག་གི་མཆོད་པ་བཤད་པ། །དེ་ལ་ཕྱག་འཚལ་ཅེས་པས་སྟེ་ལས་གསུམ་གྱི་བདག་ཉིད་དོ། ། ། ། ངག་དོན་ཕལ་པ་ཞེས་བྱའོ། ། བསྡུས་དོན་གཉིས་དང་བཅས་པར་བཤད། ། ད་ནི་གཙོའ་བོར་གྱུར་པའི། ། འགྲེལ་པའི་ཚིག་གསལ་བྱེད་པ་སྟོན། ། (7) ནས་ནི་བྱ་བ་སྔ་མ་ལ་ལྟོས་ནས་བརྗོད་པས་སྟེ། བྱེད་པ་པོ་གཅིག་གིས་བྱ་བ་གཉིས། (3b2) སྔ་ཕྱིར་བྱེད་ན་དང་པོ་ལ་ནས་སམ་སྟེ་སྒྲུབ་པར་བྱ་ཞེས་འདོན་པའི་ཕྱིར་རོ། །དེ་ལྟ་ན་བྱ་བ་གཉིས་ཡོད་པ་ལས་དང་པོ་སོང་ནས་བྱ་བ་ཕྱི་མ་བསྟན་པ། དེའི་ཚིག་ལེའུར་བྱས་པའི་འགྲེལ་པ་བྱ་ཞེས་སྦྱར་རོ། །འགྲེལ་པ་དེ་ལ་ཁྱད་པར་བཞི་ཡོད་པ་ལས་དང་པོ་གཉིས་ཀྱིས་འགྲེལ་པ་སྒྲ་སྐྱོན་མྱེད་པར་སྟོན། གསུམ་པས་དོན་སྐྱོན་མྱེད་པ། བཞི་པས་སྒྲ་སྐྱོན་དོན་སྐྱོན་གཉིས་ཀ་མེད་པར་བརྗོད་དོ། ། (3b3) སླ་བ་ནི་བྱིངས་ཆུང་པ་སྟེ་ཀ་མ་ཤི་ལའི་སྣང་པ་ལྟ་བུའོ། སྡེབ་ལེགས་པ་ནི་མིང་ཐམས་ཅད་པ་ཉུང་པ་སྟེ་ཤང་ཀར་ནན་ཏའི་བཞིན་མ་སོང་པའོ། །རྟོག་གེའི་རླུང་གིས་མ་དཀྲུགས་པ་ནི་རྟོག་གེའི་བློས་ཡུལ་ཕྱིན་ཅི་ལོག་དུ་མ་བྱས་པའོ། །རྟོག་གེ་ལ་རླུང་ཅེས་བརྙད་པ་ནི་རླུང་དང་ཆོས་མཐུན་ཡོད་པས་རླུང་སྟེ། རླུང་གིས་ལུས་གྱོའ་བར་བྱེད་པ་ལྟར་རྟོག་གེས་ཡིད་གྱོའ་བར་བྱེད་དོ། །རླུང་གིས་དངོས་པོ་ (3b4) འཁྱེར་བར་བྱེད་པ་ལྟར་རྟོག་གེས་ཀྱང་དབུ་མའི་སྐབས་ཀྱི་དོན་འཕྲོག་པར་བྱེད་དོ། །རབ་ཏུ་གསལ་བར་བྱ་ཅེས་པ་ཁྱད་པར་བཞི་པ་སྟེ། པྲ་ས་ན་ཅེས་པ་ས་ན་གསལ་བ་སྟོན་ན། པྲ་རབ་ཏུ་འགྲོ་པ་ལ། ད་ལྟར་པྲ་དང་ས་ན་གཉིས་ལོག་པས་གསལ་པ་སྟོན་པས་རབ་ཏུ་དོར་ན་ལེགས་སོ། །དེའི་ལྟར་ན་གསལ་པར་གྱུར་པ་བྱ་ཅེས་པ་ཚིགས་བཅད་ཁ་དེ་ལྟར་བསྐང་ངོ་། །དེ་ལ་གསལ་ (3b5) པ་ནི་དང་པ་སྟེ་རྙོག་པ་མེད་པའོ། རྙོག་པ་ལ་ལྔ་སྟེ། རྩ་བ་མཁན་གྱི་དགོངས་པ་མི་འགྲེལ་པ་དང་། དགོངས་པ་མ་ཡིན་པ་ཤད་པ་དང་། དགོས་པ་མི་ཤད་པ་དང་། མི་དགོས་པ་ཤད་པ་དང་། མཐར་ཐུག་པའི་དོན་མྱི་སྟོན་པའོ། ། ད་ནི་བསྟན་བཅོས་ཀྱི་འབྲེལ་སྟོན་པར་བྱེད་དེ། དྲི་བ་སྔོན་དུ་བཏང་ནས་ལན་གྱིས་ཤད་དོ། །བསྟན་བཅོས་འདིའི་འབྲེལ་པ་ (3b6) དང་བརྗོད་བྱ་དང་དགོས་པའི་དགོས་པ་གང་ཡིན་ཞེས་འདྲི་བ་ལ། སློབ་དཔོན་ཀླུ་སྒྲུབ་ཀྱིས་བསྟན་བཅོས་མཛད་དོ་ཞེས་བྱ་བ་འདི་ནི་རེ་ཤིག་བསྟན་བཅོས་ཀྱི་འབྲེལ་པ་ཡིན་ནོ་ཞེས་སྦྱར་རོ། །སློབ་དཔོན་དེ་ཇི་ལྟ་བུ་ཡིན་ན། དེའི་ཁྱད་པར་བཤད་པ་སེམས་སྐྱེད་པ་དང་པོ་ཐོག་མར་མཛད་ནས་ཅེས་སྦྱར་རོ། ། (3b7) སེམས་སྐྱེད་ནི་སྨོན་འཇུག་ཡིན། དེ་ལ་ཁྱད་པར་གསུམ་སྟེ། གྲོགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་བརྒྱན་པ། རྒྱུ་སྙིང་རྗེ་དང་ལྡན་པ། འབྲས་བུ་དེ་བཞིན་གཤེགས་པའི་ཡེ་ཤེས་འབྱུང་པའོ། །དེ་དག་རྒྱས་པར་སྟོན་དང་ཅེ་ན། དབུ་མ་ལ་འཇུག་པ་ལས་བསྟན་པའི་ཚུལ་གྱིས་ཅེས་པ་སྟེ། དེ་ཉིད་དུ་ལྟའོ། ། (3b8) ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས། ། སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་ཤིང་། ། སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང་། ། བྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ་ ཞེས་གསུངས་སོ། །སྔར་དེ་དག་དང་ལྡན་ནས། དུས་ཕྱིས་རྟོགས་པའི་ཁྱད་པར་བཤད་པ། མཐར་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་ཚུལ་ཕྱིན་ཅི་མ་ལོག་པ་ཐུགས་སུ་ (4a1) ཆུད་པར་གྱུར་པ་ཏེ། དབུའ་མའི་ལྟ་བ་རྟོགས་པའི་ཐ་ཚིག་གོ ། སྙིང་རྗེས་བསྟན་བཅོས་མཛད་དོ་ཅེས་པ་རྒྱུ་སྟེ། བསྟན་བཅོས་འདི་རྩོམ་པའི་རྒྱུ་སྙིང་རྗེ་ཡིན་ནོ། །གཞན་ཁོང་དུ་ཆུད་པར་བྱ་པའི་ཕྱིར་ནི་བརྩམས་པའི་སྒྲའི་དགོས་པའོ། ། དེ་ལྟར་བསྟན་བཅོས་བྱུང་ཚུལ་ནི། ། བྱང་ཆུབ་སེམས་དཔར་གྱུར་པའི་མིས། ། མཛད་དོ་ཞེས་ནི་གོ་བར་བྱས། ། (4a2) བརྗོད་བྱ་དང་ནི་དགོས་པའི་དགོས། ། རྩ་བའི་མཆོད་བརྗོད་སྐབས་སུ་སྟོན། ། ། ། (8) ད་ནི་ རྩ་བའི་མཆོད་བརྗོད་འཆད་འགྱུར་ཏེ། ། བསྡུས་དོན་ཚིག་དོན་གཉིས་སུ་གནས། ། (9) འདི་ལ་སྟོད་པ་དང་ཕྱག་གཉིས་ཡོད་པ་ལས་དང་པོ་བཤད་པ། སློབ་དཔོན་རང་ཉིད་སྟོན་ཅིང་ཞེས་སྦྱར་རོ། །གང་སྟོན་ན་བརྗོད་པར་བྱ་བའི་དོན་དགོས་པ་དང་ (4a3) བཅས་པ་སྟོན་ཏོ། །བརྗོད་བྱ་དགོས་པ་དང་བཅས་པ་དེ་གང་ཡིན་ཅེ་ན། འཆད་པར་འགྱུར་བའི་བསྟན་བཅོས་མཐའ་དག་གི་བརྗོད་བྱ་དང་དགོས་པའོ། །དེ་ལ་བརྗོད་བྱ་ནི་རྟེན་འབྲེལ་གྱི་རང་བཞིན་སྟོང་པ་ཉིད་དོ། དགོས་པ་ནི་སྒྲའི་དགོས་པ་མ་ཡིན་གྱི་ཉིང་དགོས་བླ་མེད་ཀྱི་བྱང་ཆུབ་ཐོབ་པའོ། །དེ་ཉིད་སྟོན་པ་ཉིད་ཡོན་ཏན་ཡིན་པས་དེའི་སྒོ་ནས་བསྟོད་ (4a4) པ་ནི། དེ་ཕྱིན་ཅི་མ་ལོག་པར་སྟོན་པར་མཛད་པ་ཉིད་ཀྱི་སྒོ་ནས་ཆེ་བའི་བདག་ཉིད་བརྗོད་དོ་ཞེས་པའོ། །དེ་ཅེས་པ་ནི་བརྗོད་བྱ་རྟེན་འབྲེལ་དེའོ། །ཆེ་བའི་བདག་ཉིད་བརྗོད་པ་ནི་རྟེན་འབྲེལ་སྨྲ་མཁན་ཡིན་པ་དང་སྨྲ་མཆོག་ཡིན་པའོ། །བསྟན་བཅོས་རྩོམ་པའི་རྒྱུ་ཅན་ནི་དེ་རྩོམ་པའི་འབྲས་བུ་སྟེ་ཕྱག་ཉིད་དོ། །དེས་ན་བསྟན་བཅོས་རྩོམ་པར་འདོད་པ་དེས་ (4a5) ཀུན་ནས་སླང་སྟེ་རྗེ་བཙུན་ཁྱད་པར་གཉིས་ལྡན་ལ་ཕྱག་འཚལ་བར་བཞེད་པས། གང་གིས་རྟེན་ཅིང་འབྲེལ་པར་འབྱུང་ཅེས་པ་ལསོགས་པ་གསུངས་སོ། ། སྤྱིར་མཆོད་བརྗོད་ལ་དོན་གསུམ་སྟེ། དགོས་པ་དང་བསྡུས་པ་དང་། ཚིག་གི་དོན་ཏོ། །འཕགས་པ་ཡབ་སྲས་ཀྱི་དགོངས་པས་དགོས་དོན་མི་བརྩི་སྟེ། དགོས་པ་ནི་སྤྱད་ནས་འཇུག་པ་ཡིན་པ་ལ། སློབ་དཔོན་ནི་ (4a6) སྤྱད་པ་མ་མཛད་པར་འཕྲལ་ལ་དད་པ་སིང་གིས་སྐྱེས་ནས་མཆོད་པ་མཛད་པའོ། །དགོས་པ་འབྱུང་པ་ལ་དམྱིགས་ནས་མཆོད་པ་བྱེད་པ་ནི་ཚོང་བྱེད་པ་དང་འདྲ་བས་མི་ཆུང་པར་ཡང་མངོན་ནོ། །སྡུས་དོན་ལ་གཉིས་ཏེ། བསྟོད་པ་དང་། ཕྱག་གི་མཆོད་པའོ། །དང་པོ་ལ་གཉིས་ཏེ། རྟེན་འབྲེལ་སྨྲ་མཁན་ཡིན་པ་དང་། སྨྲ་མཆོག་ཡིན་པའོ། །འགྲེལ་པ་མཁན་གྱིས་འདི་ (4a7) ལྟར་འཆད་དེ། །སྤྱི་དོན་དང་ཚིག་དོན་གཉིས། དང་པོ་ལ་བསྟོད་པ་དང་ཕྱག་གཉིས། བསྟོད་པ་ལ་རྟེན་འབྲེལ་སྨྲ་མཁན་ཡིན་པ་དང་སྨྲ་མཆོག་ཡིན་པའོ། །དང་པོ་ལ་གཉིས་ཟུར་གྱིས་བརྗོད་བྱ་དང་དགོས་པའོ། །དང་པོ་ཁྱད་པར་གཉིས་ཀྱིས་བརྗོད་བྱ་བསྟན། དགུ་པ་བཅུ་པ་གཉིས་ཀྱིས་དགོས་པ་བསྟན་ཏོ། །འདི་ལྟར་བསྟན་བྱ་ལས་སུ་གྱུར་པའི་རྟེན་འབྲེལ་ཁྱད་པར་བཅུ་དང་ལྡན་པ་ (4a8) འི་གསུང་པ་པོ་སངས་རྒྱས་ཡིན་ནོ་ཞེས་ཀླུས་བསྟོད་དོ། །སངས་རྒྱས་ལ་ཡོན་ཏན་བརྗོད་ཀྱིས་མི་ལང་པ་མངའ་བཞིན་དུ་རྟེན་འབྲེལ་སྨྲ་མཁན་ཡིན་པ་ཁོ་ནས་བསྟོད་པ་ཅི་ཕྱིར་ཞེ་ན། །སངས་རྒྱས་རྟེན་འབྲེལ་གསུང་པ་པོ་ཡིན་པ་དང་རྩ་ཤེའི་བརྗོད་བྱ་ཡང་རྟེན་འབྲེལ་ཡིན་པས་བརྗོད་བྱ་དང་མཐུན་པའི་སྒོ་ནས་བསྟོད་པའོ། །གཞན་ཡང་རྟེན་འབྲེལ་གྱི་སྒོ་ནས་བསྟོད་ཅིང་ཡོན་ཏན་ (4b1) གཞན་གྱི་ཚུལ་ནས་མི་བསྟོད་པའི་རྒྱུ་མཚན་ནི་རིགས་པ་དྲུག་བཅུ་པར་རྒྱས་པར་བཤད་ལ་དེ་འདིར་སྦྱར་བར་བྱའོ། །རྟེན་འབྲེལ་དང་ཀུན་རྫོབ་དོན་ཅིག་སྟེ་འཁྲུལ་པ་ཅན་རྣམས་ལ་ཡོད་པ་རྒྱུ་འབྲས་ཀྱི་རང་བཞིན་ཅན་ནི་གཉིས་ཀ་ཡིན་ནོ། །རྟེན་འབྲེལ་འདི་ཉིད་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ཡུལ་དུ་ཁྱད་པར་བཅུ་དང་ལྡན་པར་གྱུར་ཏོ། །དེས་ན་སྒྲ་ཇི་ལྟ་བ་བཞིན་བཤད་ན་བཅུ་ཆར་ཁྱད་པར་ཡིན་ཏེ། (4b2) རྟེན་འབྲེལ་འདི་ཉེ་བར་ཞི་བ་ཡིན་ཞི་བ་ཅིག་ཡིན་ཅེས་སོ། །དོན་གཙོའ་བོར་བྱས་ན་དགུ་པ་བཅུ་པ་དགོས་པ་སྟེ། རྟེན་འབྲེལ་རྟོགས་ན་སྤྲོས་པ་ཞི། རྟེན་འབྲེལ་རྟོགས་ན་ཞི་བའོ། །ཅེས་སོ། །འགག་མྱེད་སྐྱེ་མྱེད་ལསོགས་པའི་འབྲུ་བཤད་ནི་འོག་དུ་སྟོན་ཏེ། འགག་པ་བྱེད་པ་དང་ལས་ལ་མི་ཟེར། སྡུས་དོན་དང་སྡུས་དོན་ཅན་མ་ཕྱེ་བར་བཤད་ནས། ད་ནི་སྤྱི་དོན་དང་སྤྱི་དོན་ཅན་གཉིས་ (4b3) བྱེ་བྲག་ལ་སྦྱོར་བ་ནི། དེ་ལ་རྟེན་ཅིང་འབྲེལ་པ་ལསོགས་པ་སྟེ། བརྗོད་པར་བྱ་བ་ཡིན་ཞིང་ཅེས་པ་ཡན་ཆད་ཀྱིས་བརྗོད་བྱའི་སྡུས་དོན་བསྟན། འོག་མས་དགོས་པའི་སྤྱི་དོན་ནོ། །དེའི་འོག་མས་ཕྱག་བསྟན་ཏེ་སླའོ། ། ། ། སྒྲ་བཤད་རྣམ་པར་དབྱེའ་བའི་ཕྱིར། ། གཞག་དང་དགག་པ་རྣམ་གཉིས་འཆད། (10) པྲ་ཏི་དང་ཨི་ཏི་དང་ཡ་དང་ས་མུད་དང་པ་ཏ་ (4b4) ཏེ་འཚམས་སྦྱར་བ་མ་བྱས་ན་རྣམ་པ་ལྔར་གྱུར་རོ། །པྲ་ཏི་ནི་ཕྲད་པ་ལ་འཇུག་གོ ། ཕྲད་པ་ནི་ལྟོས་པ་ལ་འཇུག ། ལྟོས་པ་ནི་བརྟེན་པ་ལ་བྱའོ། །ཨི་ཏི་ནི་འགྲོ་བ་ལ་འཇུག ། འགྲོ་བ་ནི་ཆས་པ་ཆས་པ་ནི་འཇིག་པ་སྟེ་མི་རྟག་པའི་ཐ་ཚིག་གོ ། ཡ་ནི་ལྱབ་ཀྱི་འཐའ་ཅན་མི་ཟད་པའོ། །ལྱབ་དང་མི་ཟད་པ་གཉིས་མིང་གི་རྣམ་གྲངས་སོ། །བོད་སྐད་དུ་བྱ་ན་ (4b5) ནས་སོ། །མི་ཟད་པ་ནི་ཐམས་ཅད་ལ་ཁྱབ་པའི་ཐད་དོ། །པ་ནི་ལས་ཡ་ཏ་ལ་བཅུག་པའི་མིང་ལྱབ་ཅེས་བཤད་དེ། མཐའ་ཅན་ཅེས་པའི་ཅན་ནི་པྲ་ཏི་ཨི་ཏི་ཡིན་ཏེ། དེ་གཉིས་ཀྱི་མཐའ་མ་ན་ཡང་ཡོད་པས་མཐའ་ཅན་ནོ། །སྒྲ་སྐ་ཀོན་ཏ་ལས་ནི་ཏྲའི་རྐྱེན་དུ་བརྗོད་དོ། །ས་མུད་ནི་ཡང་དག་པའོ། །བཀའ་བཅད་ལས་འབྲེལ་པར་བསྒྱུར་རོ་ཞེས་ཀྱང་བཤད་དོ། །རྒྱ་སྐད་ལ་སམ་ཅེས་ (4b6) ཀླད་སྐོར་དུ་ཡོད་དེ། སམ་ཨུད་པ་ཏ་ཅེས་སོ། །མ་གྲལ་དུ་བཅུག་ནས་ཨ་མ་ལ་འཇུག་པས་ས་མུད་པ་ཏའོ། །པའ་ཏ་ཐད་ཀར་སྒྱུར་ན་རྐང་པ་འམ་གཞི་འམ་གོ་འཕང་ལ་འགྲོ་ཡང་ས་མུད་གོང་ན་ཡོད་པས་འབྱུང་པ་ཡིན་ནོ། །སྒྲའི་བསྟན་བཅོས་ལ་ས་མུད་གོང་ན་ཡོད་པའི་པ་ཏ་ནི་འབྱུང་པར་འགྱུར་རོ། །ཞེས་སྟོན་པར་བྱེད་དོ། ། བསྡུ་བ་བྱས་ན་གཉིས་སུ་འགྱུར་ཏེ། པྲ་ཏི་ཏྱ་ས་མུད་ (4b7) པའ་ཏའི། པྲ་ཏི་ཏྱ་ནི་བརྟེན་ནས་ཅེས་པའོ། །ས་མུད་པ་ཏ་ནི་ཡང་དག་པར་འབྱུང་པ་སྟེ་ཕྱི་མ་འདི་ལ་མི་འཐུན་པ་མེད་དོ། །འཚམས་སྦྱར་བྱས་པས་ཚིག་ཉུང་དུ་སོང་ཡང་དོན་ལྔ་པོ་ཚང་པར་ཡོད་དོ། །དཔེར་ན་རྟོག་པ་དང་བྲལ་བ་དང་མ་འཁྲུལ་པ་མངོན་སུམ་གྱི་མཚན་ཉིད་དེ་ཞེས་སྟོན་པ་ལ། འཚམས་སྦྱར་བསྡུག་པས་རྟོག་བྲལ་མ་འཁྲུལ་པ་ཞེས་ཚིག་ཉུང་ངུ་བཏུབ་པ་བཞིན་ནོ། །   (4b8) བསྡུ་བ་བྱེད་པའི་ཚུལ་འདི་ལྟ་སྟེ། སྤྱིར་ཡི་གེ་གུ་གུ་ཅན་ཐམས་ཅད་ཀྱི་ཁོང་ན་ཨི་ཡོད། ཞབས་ཀྱུད་ཅན་ལ་ཨུ། འགྲེང་པུ་ཨེར་འགྱུར་རོ། །ན་རོ་ཨོར་འགྱུར་རོ། །ཀྱང་པ་ཐམས་ཅད་ཀྱི་ནང་ན་ཨ་ཡོད་པས་ཨར་འགྱུར་རོ། །དེ་ལྟར་པྲ་ཏིའི་ཏིའི་ཁོང་ནས་ཨི་ཕྱུང་པས་ཏི་རོར་འགྱུར་རོ། །ཏིའི་མཆན་ན་ཡོད་པའི་ཨི་དེ་དངོས་སུ་གྲལ་ན་མྱེད་ཀྱང་དོན་གྱིས་ཡོད་པས་པྲ་ཨི་ཨི་ཏ་ཅེས་འོང་ངོ་། ། (5a1) གཉིས་ཀ་ཨིར་འདྲ་བས་མཚུངས་པའི་ཡི་གེ་ཡིན་ལ། །མཚུངས་པའི་ཡི་གེ་ནི་དང་པོ་མི་མངོན་པར་འགྱུར་ཞིང་ཕྱི་མ་རིང་པོར་བྱའོ་ཞེས་སྒྲའི་བསྟན་བཅོས་ལས་བཤད་པས་ཨིའི་འདིའོ། །དེ་ཏི་ནི་རོ་ལ་བཅུག་པས་ཏི་རིང་པོར་གྱུར་རོ། །ཨི་ཏིའི་ཏི་ལས་ཀྱང་ཨི་ཕྱུང་པས་ཏི་རོར་འགྱུར་ཨི་གཅིག་ཡོད་དོ། །ཡའི་གོང་ན་ཡོད་པའི་ཨི་ནི་ཡར་འགྱུར་རོ་ཞེས་བཤད་པས་ཡ་ཡ་འདིར་སོང་ (5a2) པས་ཨིར་རོར་གྱུར་ཏོ། །ཡ་མཚུངས་པའི་ཡི་གེ་ཡིན་པས་ཡའ་འདིའོ། །ཡ་རིང་པོ་འདི་ཏ་ལ་བཅུག་པས་ཏྱ་འདི་ཡིན་ཏེ། ཨི་ཏིའི་ཏིའི་གུ་གུ་མེད་པར་སོང་ངོ་། །དེ་ལྟར་ན་པྲ་ཏི་ཏྱ་ཞེས་པ་གྲུབ་པོ། །ཡི་གེ་གསུམ་པོ་དེ་སྡོམས་པས་ཕྲད་ནས་ཅེས་པ་འམ་བརྟེན་ནས་ཅེས་པའི་དོན་དེ་བསྟན་ཏོ། །འོ་ན་ཨི་ཏིའི་དོན་མེད་པར་གྱུར་ཏོ་ཅེ་ན། ཡ་ནི་ལྱབ་ཀྱི་མཐའ་ཅན་ཡིན་པས་པྲ་ཏི་ལ་ (5a3) ལྡན་ནས་ཡོད་དེ་ནས་ཅེས་པ་དེ་ཉིད་དོ། ཨི་ཏི་ནི་པྲ་ཏིས་ཟིལ་གྱིས་མནན་པས་ཡི་གེ་ཡོད་ཀྱང་དོན་མི་སྟོན་ཅེས་བཤད་ལ། ། ཉེ་བར་གྱུར་པའི་དབང་གིས་ན། ། སྐད་བྱིངས་དོན་ནི་ཡོངས་སུ་སྒྱུར་ཏེ། ཞེས་སྨོས་ཏེ་ཨི་ཏིའི་སྐད་ཀྱི་བྱིངས་དེ་པྲ་ཏིའི་ཉེ་བར་སྒྱུར་བས་ཡོངས་སུ་སྒྱུར་པའི་ཕྱིར་ཨི་ཏི་རོར་གྱུར་ཏོ། །དཔེའ་བརྗོད་པ། གང་གའི་ཆུ་ནི་མངར་མོད་ཀྱི། ། རྒྱ་མཚོའི་ཆུ་ (5a4) ཡིས་ཇི་བཞིན་ནོ། ། གང་གའི་ཆུ་མངར་བ་དེ་རྒྱ་མཚོར་སོང་པས་ན་ཆུ་དེ་དངོས་མྱེད་དུ་མ་གྱུར་ཡང་རོ་མངར་བ་དེ་བ་ཚ་ཅན་དུ་གྱུར་ནས་གནས་པ་བཞིན་ནོ། །ཚན་གཉིས་པོ་ལ་སྒྲའི་བསྡུ་བ་བྱས་ན། པྲ་ཏིའི་ཏྱ་ས་མུད་པའ་ཏ་ཅེས་པས་སྟེ་ཕྱི་ནང་གི་དངོས་པོ་ཐམས་ཅད་རྟེན་ནས་འབྲེལ་པར་འབྱུང་ཞེས་བྱ་བའི་དོན་འདི་བསྟན་ཏོ། རྣམ་ལྔར་ཕྱེ་ནས་བཤད་པ་དང་། གཉིས་སུ་བསྡུས་ཏེ་བཤད་པ་དང་། (5a5) འབྲེལ་གྱིས་གཅིག་དུ་བསྡུས་པ་དང་། ། དོན་གསུམ་དག་གིས་རང་ལུགས་བཤད། ། (11) བསྡུ་བའི་ཚིགས་སུ་བཅད་པའོ། ། ། ། གཞན་ལུགས་དགག་པ་ལ་གཉིས་ལས་སྔོན་གྱི་ཏི་ཀ་མཁན་གྱི་ལུགས་སོ། །འདི་ལ་གཉིས་ལས་ཁོའི་ལུགས་རྗེས་སུ་བརྗོད་པ། གཞན་དག་ནི་ཞེས་པ་ལསོགས་པའོ། པྲ་ཏི་ནི་བཟློས་པའི་དོན་ནོ་ཅེས་པ་པྲ་ཏི་བཟློས་པ་ལ་འདོད་དེ། །པྲ་ཏིས་ (5a6) དོན་མང་པོ་འཛིན་པར་འདོད་པས་བཟློས་པའོ། །དཔེར་ན་གང་དང་གང་བྱས་པ་ཐམས་ཅད་མི་རྟག་ཅེས་ཁྱབ་པ་སྤྱིར་བསྟན་ལྟ་བུའོ། །ཨི་ཏིའི་བཤད་པ་ཟླ་གྲགས་དང་མཐུན་ནོ། །འོན་ཀྱང་ཟིལ་གྱིས་མི་གནོན་པར་འདོད་པས་དེའི་ཆ་ནས་མི་འདྲའོ། །ཡ་ནི་ཕན་པའི་མཐའ་ཅན་ནོ། །ཨི་ཏི་ནི་འགྲོ་བར་རུང་པ་དག་གོ་ཞེས་པ་ནི་སྔར་བཞིན་བསྡུ་བ་བྱས་ནས་ཨི་ཏིའི་ཏི་ལ་ཡ་བཅུག་ (5a7) པས་ཨི་ཏྱ་ཡིན། ཡའི་དོན་རུང་པའོ། །རུང་པ་དེས་ཨི་ཏི་ལ་ཕན་འདོགས་པས་ཨི་ཏི་ལ་ཕན་པའི་མཐའ་ཅན་ཞེས་བྱའོ། །བྱེ་བྲག་ཏུ་བཤད་པ་ནི་པྲ་ཏི་བཟློས་པ། ཨི་ཏི་འགྲོ་བ་ཡ་རུང་པའི་དོན་ཡིན་ཅེས་སོ་སོར་བཤད་པའོ། །གསུམ་པོ་སྡོམས་ནས་བཤད་པ། སོ་སོ་སོ་སོར་འགྲོ་ཞིང་འཇིག་པ་དང་ལྡན་པ་རྣམས་ཀྱི་འབྱུང་པ་ནི་པྲ་ཏི་ཏྱ་ས་མུད་པ་ཏ་ཞེས་བརྗོད་པར་བྱེད་དོ་ཞེས་བྱ་བའོ། ། (5a8) འཆད་པའི་ཚེ་རྒྱ་སྐད་ལ་བཤད་ན་ལེགས་སོ། །ད་ལྟའི་འདི་ནི་ཟླ་གྲགས་ཀྱི་ལུགས་ཡིན་པས་གཞན་གྱི་བཤད་གཞི་མི་བཏུབ་པོ། །རྣམས་ཀྱི་ཅེས་པ་དྲུག་པ་རྣམ་འབྱེད་དོ། །རྣམས་ཀྱི་ཅེས་པ་དེ་མེད་པར་བྱས་ན་ནི་བསྡུ་བ་བྱས་པ་སྟེ། འཇིག་རུང་དེ་དང་དེ་འབྱུང་ཞེས་བྱ་བའོ། །དཔེར་ན་ལྷ་སྦྱིན་གྱི་ཞང་པོ་ཅེས་པ་དྲུག་པ་ཡིན་ལ། ལྷ་སྦྱིན་ཞང་པོ་ཞེས་པ་བསྡུ་བ་ཡིན་པ་བཞིན་ནོ། ། (5b1) དོན་ནི་དངོས་སུ་མེད་དོན་གྱིས་ཡོད་པ་མི་མངོན་པར་བྱས་པ་ལ་བསྡུ་བ་བྱས་ཞེས་བསྙད་དོ། །དོན་ནི་འཇིག་རུང་དེ་དང་དེ་འབྱུང་ཞེས་པ་ནི་འཇིག་པ་ཐམས་ཅད་སྐྱེ་ཞེས་བསྟན་ཏེ། རྒྱ་དཔེའ་ལྟར་བྱས་ན་སོ་སོ་འཇིག་རུང་འབྱུང་ཞེས་ཡོད། །བོད་ཀྱི་ལྟར་བྱེད་ན་འཇིག་རུང་སོ་སོ་འབྱུང་ཅེས་སོ། །དེས་ནི་འབྲས་བུ་ལ་རྣོན་པ་བྱས་པས་ཏེ་འབྲས་བུ་དེ་དང་དེ་འབྱུང་ཅེས་པའི་དོན་ཏོ། །ཟླ་གྲགས་ལྟར་ན་བརྟེན་ནས་འབྱུང་ཅེས་པས་སྐྱེ་བ་ (5b2) ཐམས་ཅད་རྒྱུ་ལས་འབྱུང་ཅེས་བསྟན་ཏོ། །དོན་གཉིས་ཀ་བཟང་པར་མཐོང་ངོ་། ། ། ། སུན་འབྱིན་པ་ལ་གཉིས་ལས་རྣོན་པས་མ་ཁྱབ་པ་བཤད་པ། དེ་དག་གི་ལྟར་ན་དགེ་སློང་དག་ཁྱོད་ལ་པྲ་ཏི་ཏྱ་ས་མུད་པ་ཏ་དག་བསྟན་པར་བྱ་ཡིས། སུས་པྲ་ཏི་ཏྱ་ས་མུད་པའ་ཏ་མཐོང་པ་དེས་ཆོས་མཐོང་ངོ་ཞེས་བྱ་བ་ལསོགས་པའི་ཡུལ་ལ་ནི་ཟློས་པའི་དོན་སྲིད་པའི་ཕྱིར་དང་། ཚིག་བསྡུ་བ་ཡོད་པའི་ཕྱིར་བྱེ་བྲག་ (5b3) དུ་བཤད་པ་ལེགས་པར་འགྱུར་ན་ཞེས་པ་ཡན་ཆད་ཀྱིས་མནོན་པ་དང་བསྡུ་བ་འཐད་པའི་ཕྱོགས་བསྟན་ཏེ། འབུམ་དང་ས་ལུ་ལྗང་པ་དང་རྩ་ཤེར་ཁྱོད་ཀྱིས་བཤད་པ་དེ་ལྟར་ཡང་བཏུབ་ཅེས་བསྟན་ཏོ། །ས་ལུ་ལྗང་པ་ལསོགས་པར་འབྲས་བུ་མང་པོ་བསྟན་པས་ཟློས་པའི་སྒྲ་སྦྱར་དུ་འདོད་ཅིང་། འཇིག་རུང་སོ་སོ་འབྱུང་ཞེས་པའི་བསྡུ་བ་ཡང་མཐད་དོ། །དགེ་སློང་ནས་མཐོང་ངོའི་བར་ནི་ས་ལུ་ལྗང་པའི་ཚིག་དྲངས་ (5b4) པའོ། །སོགས་ཀྱིས་ནི་སྤྱིར་བརྟེན་འབྲེལ་སྟོན་པར་གསུང་རབ་འབུམ་དང་རྩ་ཤེས་ལསོགས་པ་བསྡུའོ། །ཡུལ་ནི་སྒྲ་ལ་བྱ་སྟེ་དོན་འཇུག་པའི་ཡུལ་ཡིན་པའི་ཕྱིར་སྒྲ་ལ་ཡུལ་ཅེས་བརྗོད་དོ། ། ད་ནི་ཡུལ་འདི་ལྟ་བུ་ལ་རྣོན་པས་མ་ཁྱབ་ཅེས་བཤད་པ། ཙ་ཀྴུ་པྲ་ཏི་ཏྱ་རུ་པ་ནི་ཙ། ཙ་ཀྴུ་བི་ཇྙ་ནམ་ཨུད་པ་ཏྱ་ཏེ་ཞེས་བྱ་བ་དེ་ལྟ་བུ་ལསོགས་པའི་ཡུལ་འདིར་ནི་པྲ་ཏི་ཏྱ་ཞེས་བྱ་བའི་སྒྲ་ལ་ཟློས་པའི་དོན་ (5b5) ཉིད་ཡོད་པར་ག་ལ་འགྱུར་ཞེས་རྣམ་པར་སྦྱར་རོ། །ཙ་ཀྴུ་ནི་[ཨ་]ཀ་ཤ་མིག་གོ ། པྲ་ཏི་ཏྱ་སོ་སོ་འཇིག་རུང་ངོ་། །རུ་པ་ནི་གཟུགས་སོ། །ནི་ཙ་ནི་དང་ངོ་། །ཙ་ཀྴུ་བི་ཇྙ་ནམ་ནི་མིག་གི་རྣམ་པར་ཤེས་པའོ། །ཨུད་པ་ཏ་ཏེ་འབྱུང་པ་སྟེ་ས་མུད་པའ་ཏ་དང་དོན་ཅིག་གོ །དོན་འདི་ཡིན་ཏེ་ཁྱོད་ཀྱིས་གང་དང་གང་བྱས་པ་མི་རྟག་ཅེས་ཁྱབ་པ་སྤྱིར་བསྟན་པ་བཞིན་དུ་པྲ་ཏི་ཏྱ་ས་མུད་པའ་ཏའ་འི་སྒྲ་དེའི་ (5b6) དོན་སོ་སོ་འཇིག་རུང་འབྱུང་ཅེས་པར་བསྟན་པ། བྱེ་བྲག་མིག་དང་གཟུགས་དང་རྣམ་ཤེས་ལ་ཟློས་པའི་སྒྲ་དེ་མྱི་སྲིད་དེ། མིག་གཅིག་ལ་མང་པོའི་ཚིག་མི་རིགས་པའི་ཕྱིར་རོ། །དཔེར་ན་བུམ་པ་ཅིག་ལ་བུམ་པ་གང་དང་གང་བྱས་པ་མི་རྟག་ཅེས་པའི་སྒྲ་སྦྱོར་བ་མི་འཐད་པ་བཞིན་ནོ། །ཟློས་པའི་སྒྲ་དེ་དོན་ལ་ལ་ལ་ཡོད་ལ་ལ་ལ་མེད་པས་མ་ཁྱབ་ཅེས་བྱའོ། །མིག་དང་གཟུགས་དང་རྣམ་ཤེས་གཅིག་གཅིག་ལ་སྦྱར་ན་ནི་ (5b7) མི་སྲིད་པར་ཡང་འགྱུར་རོ། །རྣམ་པ་གཅིག་དུ་ན་འདི་སྐད་བརྗོད་དེ། རྣོན་པ་བྱེད་ན་རྒྱུ་མིག་གཟུགས་གཉིས་ལ་རྣོན་ནམ། འབྲས་བུ་རྣམ་ཤེས་ལ། གཉིས་ཀ་ལྟར་ཡང་མི་འཐད་དེ། པྲ་ཏི་ཏྱ་ཙ་ཀྴུ་བི་གཉས་ནམ་ཅེས་པས་བྱེ་བྲག་གཅིག་ཁོ་ན་བཟུང་པས་བཟློས་པ་འགལ་ཏེ། །དཔེར་ན་བུམ་པ་གཅིག་ལ་བཟློས་པའི་སྦྱོར་བ་མི་འཐད་པ་བཞིན་ནོ། །གཉིས་པ་མྱིག་གཅིག་ལ་གནོན་པ་མི་མཐད་དེ། བྱེ་བྲག་དུ་མིག་ཅིག་ (5b8) རང་མིང་བཟུང་པའི་ཕྱིར་རོ། །བུམ་པ་ཅིག་གཅིག་ལ་བཟློས་པའི་སྦྱོར་བ་མི་མཐད་པ་བཞིན་གཟུགས་གཅིག་ལ་ཡང་མི་འཐད་དོ། །སྨྲས་པ་ཡུལ་འདི་ལྟ་བུ་ལ་རྣོན་པས་མ་ཁྱབ་པ་ཅིའི་ཕྱིར་ཞེ་ན། འཐད་པ་བཤད་པ་མིག་དང་གཟུགས་ལ་བརྟེན་ནས་ཞེས་དོན་གྱི་ཁྱད་པར་དངོས་སུ་ཞལ་གྱིས་བཞེས་ཤིང་ཞེས་པ་སྨོས་ཏོ། །དོན་གྱི་ཁྱད་པར་ནི་པན་པི་ཏ་ན་རེ་ཟླ་གྲགས་རང་གི་ལུགས་ལ་བརྟེན་ནས་ཅེས་པ་དེ་ཡིན་ (6a1) ཟེར། །ལོ་ཙ་ན་རེ་དོན་གྱི་བྱེ་བྲག་སྟེ། མིག་དང་གཟུགས་ལ་བྱ་སྟེ་དོན་གྱི་བྱེ་བྲག་ལ་རྣོན་པ་མི་འཐད་པའི་ཕྱིར་རོ། ། གལ་ཏེ་བུམ་པ་ལ་གང་དང་གང་གི་སྒྲ་འཐད་དེ། གསེར་གྱི་བུམ་པ་དང་དངུལ་ལསོགས་པ་དུ་མ་ཡོད་པའི་ཕྱིར་རོ། །དེ་བཞིན་དུ་མིག་གཟུགས་དང་རྣམ་ཤེས་ཀྱང་མང་པོ་ཡོད་པས་བཟློས་པའི་སྒྲ་རིགས་པ་ཁོ་ནའོ་ཞེ་ན། (6a2) ལན་བརྗོད་པ། མིག་གི་དབང་པོ་གཅིག་གི་རྒྱུ་ཅན་གྱི་རྣམ་པར་ཤེས་པ་ཅིག་ཀྱང་སྐྱེ་པར་བཞེད་པ་ན་པྲ་ཏི་ཞེས་བྱ་པའི་སྒྲ་ལ་ཟློས་པའི་དོན་ཉིད་ཡོད་པར་ག་ལ་འགྱུར། ཞེས་པ་སྨོས་ཏེ། ན་ཕྱིར་གྱི་དོན་ཏོ། །དུས་ཅིག་གི་ཚེ་གང་ཟག་ཅིག་ལ་རྣམ་ཤེས་སྐད་གཅིག་མ་ཅིག་སྐྱེ་བ་དེ་ལ་རྣོན་པ་མི་སྲིད་པའོ། །མ་ཁྱབ་པའི་ཉེས་པ་འདི་ནི་ཁྱོད་ལ་ཡང་མཚུངས་པར་འགྱུར་རོ་ཞེ་ན། བཤད་པར་བྱ་ (6a3) སྟེ་ཕྲད་པའི་དོན་ནི་ཕྲད་ནས་འབྱུང་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་པའོ་ཞེས་དོན་གྱི་ཁྱད་པར་ཞལ་གྱིས་མི་བཞེས་པའི་རྟེན་ཅིང་འབྲེལ་པར་འབྱུང་པའི་སྒྲ་ལ་ཡང་ཡོད་པ་ཡིན་ལ་ཅེས་པ་སྨོས་སོ། །བུམ་ལསོགས་པར་མིག་ལསོགས་པའི་བྱེ་བྲག་མ་བཟུང་པ་དེར་ཡང་པྲ་ཏི་ཏྱ་འི་སྒྲས་ཁྱབ་པ་ཁོ་ན་སྟེ། པྲ་ཏི་ཏྱ་འི་དོན་ནི་རྟེན་ནས་ཅེས་པ་ཡིན་ལ། ཕྱི་ནང་གི་དངོས་པོ་ཐམས་ཅད་རྒྱུ་རྐྱེན་ལ་རྟེན་ནས་ (6a4) འབྱུང་པས་བརྟེན་ནས་ཅེས་པས་མ་ཁྱབ་པ་མ་ཡིན་ནོ། ། གཞན་ལ་ཁྱོད་ལ་མ་ཁྱབ་པའི་ཉེས་པ་བྱུང་པ་དེར་ཁོ་བོ་ཅག་ཕྲད་ནས་ཅེས་པར་འདོད་པ་ལ་སྐྱོན་མེད་ཅེས་བཤད་པ། དོན་གྱི་ཁྱད་པར་ཞལ་གྱིས་བཞེས་པ་ལ་ཡང་ཡོད་པ་ཡིན་ཏེ། མིག་དང་གཟུགས་ལ་བརྟེན་ནས་མིག་དང་གཟུགས་དང་ཕྲད་ཅིང་མིག་དང་གཟུགས་ལ་ལྟོས་ནས་ཞེས་བཤད་པའི་ཕྱིར་རོ་ཞེས་སྨོས་སོ། ། (6a5) གང་ཟག་གཅིག་གི་རྒྱུད་ཀྱི་རྣམ་ཤེས་སྐད་གཅིག་མ་གཅིག་པོ་དེ་ལ་ཡང་བརྟེན་ནས་ཅེས་པ་ཡོད་དེ། མིག་གཟུགས་ལ་བརྟེན་པ་འམ་ཕྲད་ནས་བྱུང་པ་ཡིན་པའི་ཕྱིར་རོ། །ཕྲད་པ་ནི་ལྕགས་སྣམ་དང་སྐམ་པ་ཕྲད་པ་ལྟར་གཟུགས་ཅན་གཉིས་ཕྲད་པ་ཁོ་ན་ལ་མི་ཟེར་གྱི། གཅིག་ལ་གཅིག་ལྟོས་པ་ལ་བརྗོད་དོ། །དེས་ན་རྟེན་པ་དང་ཕྲད་པ་དང་ལྟོས་པ་ནི་རྣམ་གྲངས་སོ། ། རྗེས་སུ་བརྗོད་དང་དེ་དགག་དང་། (6a6) རང་ལ་མཚུངས་སྤང་རྣམ་གསུམ་གྱིས། པྲ་ཏི་བཟློས་པ་མ་ཡིན་ཞེས། ། སྐབས་འདིར་དགག་པ་བྱས་པ་ཡིན། ། སྐབས་གཞན་པྲ་ཏི་མོ་ཀྴ་ཞེས། ། པྲ་ཏི་བཟློས་པ་ལ་འགྲོ་ཡང་། འདིར་ནི་དེ་ལྟར་མི་འཐད་དོ། ། ། ། (12) ད་ནི་ཨ་ནི་ཕན་པའི་མཐའ་ཅན་ཞེས་བྱ་བ་འཐད་པ་མ་ཡིན་ཏེ། ངག་མ་འབྲེལ་པར་འགྱུར་བའི་ཚུལ་ཞེས། རྒྱ་ཆེར་རྣམ་པར་བཤད་ (6a7) བྱ་སྟེ། ཨི་ཏྱ་འི་སྒྲ་དེ་ལ་ཕན་པའི་མཐའ་ཅན་ཡིན་ན་ནི། ཙ་ཀྴུ་པྲ་ཏི་ཏྱ་རཱུ་པཱ་ནི་ཙ་ཅ་ཀྴུ་བི་གཉའ་ནམ་ཨུད་པ་ཏྱ་ཏེ་ཞེས་པ་འདིར་པྲ་ཏི་ཏྱ་འི་སྒྲ་རྣམ་པར་དབྱེའ་བ་ཐོས་པར་འགྱུར། མི་ཟད་པ་མ་ཡིན་པའི་ཕྱིར་ཞེས་སྦྱར་ཏེ། ཕྱོགས་ཆོས་ཁས་བླངས་ཁྱབ་པ་ཚད་མ་ཅན་གྱི་ཐལ་བའོ། །དོན་འདི་ཡིན་ཏེ། པྲ་ཏི་ཏྱ་ཁྱད་པར། བི་གཉའ་ནམ་ཁྱད་པར་ཅན་ཡིན་ཏེ། (6a8) རྣམ་ཤེས་དེ་ཅི་འདྲ་བ་ཞིག་ཡིན་ན། སོ་སོ་འཇིག་རུང་གི་རྣམ་ཤེས་ཡིན་ཅེས་པའི་དོན་ཏོ། །དེ་གཉིས་གཞི་མཐུན་ཡང་ཡིན་ཏེ། པྲ་ཏི་ཏྱ་ཡང་ཡིན་བི་གཉའ་ནམ་ཡང་ཡིན་ནོ། །འདི་ལྟར་གཞི་མཐུན་གྱི་རྣམ་ཤེས་མ་ནིང་ཡིན་པས། མ་ནིང་གི་རྟགས་ཀླད་ཀོར་ཡིན་པ་བཞིན་དུ་པྲ་ཏི་ཏྱ་འི་ཏྱ་ལ་ཡང་ཀླད་ཀོར་ཏྱམ་འདིར་ཡོད་པར་ཐལ་ཅེས་པའོ། །བོད་སྐད་དུ་རྣམ་པར་ཤེས་པ་ཅེས་པ་ལ། (6b1) པ་ཡོད་པ་ལྟར་རྟེན་པ་ཅེས་པའི་པ་འདི་ཡོད་པར་ཐལ་བའོ། །འདིར་སྨྲས་པ་མི་ཟད་པ་མ་ཡིན་ཡང་རྣམ་དབྱེ་ཐོས་མི་དགོས་པ་ཅི་འགལ། ཚིག་བསྡུ་བ་བྱས་པས་རྣམ་འབྱེད་ཐོས་མི་དགོས་སོ། །འདི་ལྟར་སྤྱིར་གཞིའ་འཐུན་ལ་གཉིས་ཏེ། རྣམ་འབྱེད་ཡོད་པ་དང་མེད་པའི་འོ། །དཔེར་ན་ནི་ལ་ཨུད་པ་ལམ་ཅེས་པ་སྔོན་པོ་ཨུད་པ་ལ་ཅེས་པའོ། །དེ་རྣམ་འབྱེད་དུ་སྟོན་པ་ནི། ནི་ལམ་ཨུད་ (6b2) པ་ལམ་ཅེས་གླད་ཀོར་གཉིས་འོང་སྟེ་དེ་གཉིས་མེད་ན་ནི་གཞིའ་མཐུན་དུ་སྡེབ་མི་ཤེས་སོ། །རྣམ་འབྱེད་མྱེད་པའི་གཞི་མཐུན་དུ་སྟོན་པ་ནི་ཀླད་ཀོར་གཉིས་ཀ་མེད་པའི་ཕྱིར་ཏེ། ནི་ལ་ཨུད་པ་ལ་ཅེས་སྔོན་པོ་ཡང་ཡིན་ཨུད་པ་ལ་ཡང་ཡིན་ཅེས་པ་བཞིན་དུ། ཀླད་ཀོར་གཉིས་ཀ་ལ་མེད་པར་པྲ་ཏི་ཏྱ་འི་བི་གཉའ་ན་ཞེས་བསྡུ་བ་བྱེད་དོ་ཞེ་ན། ཁྱབ་པ་སྒྲུབ་པའི་ཕྱིར་བཤད་པ། ཚིག་བསྡུ་བ་ཡོད་ (6b3) མ་ཡིན་པའི་ཕྱིར་ཞེས་སྨོས་སོ། །སྤྱིར་རྣམ་འབྱེད་མི་ཐོས་པ་ལ་རྒྱུ་གཉིས་ཡོད་དེ་མི་ཟད་པ་ཡིན་པ་དང་བསྡུ་བ་ཡོད་པའོ། །འདིར་ནི་དང་པོ་ཁས་མ་བླངས་གཉིས་པ་བྱར་མི་བཏུབ་སྟེ། བསྡུ་བ་བྱེད་པ་ལ་ཡན་ལག་དུ་གཞི་དང་ཆོས་ཀྱི་བར་དུ་གཞན་གྱིས་མ་ཆོད་པ་གཅིག་དགོས། །ད་ལྟ་ནི་རཱུ་པ་ནི་ཅེས་བར་བཅད་པའི་ཕྱིར་རོ། །དེ་ལྟར་ན་ཁྱབ་པ་ཡང་གྲུབ་བོ། །རྣམ་དབྱེ་ཐོས་པར་ཐལ་བ་འདི་ཉིད་ཡིན་ཏེ། (6b4) མིག་དང་གཟུགས་ལ་བརྟེན་པ་རྣམ་པར་ཤེས་པ་ཞེས་བྱ་བ་འདོན་པར་འགྱུར་ཅེས་པ་སྟེ། བརྗོད་ཟིན་ཏོ། ཐལ་བ་བཟློག་པ་རང་རྒྱུད་དུ་བཤད་པ་ཞིག་ན་འདི་ནི་དེ་ལྟ་བུ་ཡང་མ་ཡིན་པས། ལྱབ་ཀྱི་མཐའ་ཅན་མི་ཟད་པ་ཁོ་ནར་བྱེ་བྲག་ཏུ་བཤད་པ་ཁས་བླང་བར་བྱའོ་ཞེས་པའོ། །ཐལ་པ་དང་རང་རྒྱུད་གཉིས་ཁྱབ་པ་གྲུབ་ཚུལ་གཅིག ། ཧེ་དུ་མི་འདྲ་སྟེ་ཐལ་པའི་སྒྲུབ་བྱ་བཟློག་པ་རང་རྒྱུད་ (6b5) ཀྱི་ཧེ་དུ་ཡིན་ཏེ། རྣམ་འབྱེད་མ་ཐོས་པའི་ཕྱིར་ལྱབ་ཀྱི་མཐའ་ཅན་མི་ཟད་པ་ཁས་བླང་པར་བྱའོ། ། དོན་དམ་སྤྱོད་པའི་སྐབས་མིན་པས། རང་རྒྱུད་བྱས་ཀྱང་འགལ་བ་མེད། ། དེ་ཕྱིར་ཐལ་འགྱུར་སྨྲ་བ་ལ། ། འགལ་བའི་ཉེས་པ་མི་བསམ་མོ། ། (13) དེ་ལྟར་རྒྱ་སྐད་ལ་སེ་བཅུའི་ངག་བཞིན་མ་འབྲེལ་པར་འགྱུར་ཏེ། །མིག་སོ་སོ་འཇིག་རུང་གཟུགས་དང་མིག་གི་རྣམ་ཤེས་ (6b6) འབྱུང་ཅེས་པ་འདི་ལྟར་འགྱུར་རོ། །སྔ་མས་པྲ་ཏི་བཟློས་པར་འགྱུར་བ་བཀག་འདིས་ཡང་འཇིག་རུང་དུ་འདོད་པ་བསལ་ཏོ། །གོང་དུ་བསྡུ་བ་འཐད་ཅེས་པ་ནི་དྲུག་པའི་བསྡུ་བ་མཐད་པའོ། །འདིར་བསྡུ་བ་མི་འཐད་པ་ནི་གཞི་མཐུན་གྱིའོ། །གཞི་མཐུན་ལ་གཉིས་རྣམ་འབྱེད་དང་བསྡུ་པའི་གཞི་མཐུན་ནོ། ། ། ། ལེགས་ལྡན་བྱེད་ཀྱི་ལུགས་དགག་པ་ལ་གཉིས་ (6b7) ལས། གཞན་ལུགས་དགག་པ་མི་འཐད་པའོ། །འདི་ལ་གཉིས་ལས་རྗེས་བརྗོད་མི་མཁས་པ་བརྗོད་པ། གང་ཞིག་དེ་ནི་རེ་ཤིག་གཞན་གྱི་ལུགས་རྗེས་སུ་བརྗོད་པ་ལ་མི་མཁས་པ་ཉིད་དོ་སྙམ་མོ་ཞེས་སྦྱར་རོ། །གང་ཞིག་དེ་ནི་ཅེས་པ་གཉིས་ཀ་ལེགས་ལྡན་ལ་ཟེར་རོ། །རེ་ཤིག་ནི་རིམ་པ་སྟོན་པའི་སྒྲ་སྟེ། རྗེས་བརྗོད་དང་སུན་འབྱིན་མི་མཁས་པ་གཉིས་ཡོད་ (6b8) པ་ལས་དང་པོ་སྟོན་པས་རེ་ཤིག་ཅེས་སྙད་དོ། །སྙམ་མོ་ནི་ཟླ་གྲགས་རང་དེ་ལྟར་སེམས་ཅེས་པའི་ཐ་ཚིག་གོ ། ཁ་ཅིག་ན་རེ་ནས་འབྱུང་པའོ་ཞེའོ་ཞེས་བྱ་བའི་བར་ནི་ཤེས་རབ་སྒྲོན་མའི་གཞུང་ཡིན་ནོ། །གང་ཞིག་དང་ཞེས་གཞན་གྱི་བཤད་པ་ཅེས་པ་མན་ཆད་ཟླ་གྲགས་ཀྱིས་བཀོད་པའོ། །དེ་ལ་ཁ་ཅིག་ཅེས་པ་ནི་ཟླ་གྲགས་ཀྱི་ཕྱོགས་ལ་ཁ་ཅིག་སྟེ། ཟླ་བ་ཉིད་ (7a1) ལེགས་ལྡན་པས་འཕྱི་བས་མ་ཡིན་གྱི་དབྱིག་གཉེན་ནམ་ལྷ་ཡིན་ནོ། །རྗེས་བརྗོད་འདི་ནོར་ཏེ། པྲ་ཏི་བཟློས་པར་མི་འདོད་ཀྱི་ཕྲད་པར་འདོད་པས་སོ། །ཨི་ཏི་ཕྲད་པར་མི་འདོད་དེ་འགྲོ་བ་ལ་འདོད་པས་སོ། །དོན་གཉིས་ཀ་བརྗོད་བྱ་ལ་བྱ་སྟེ་བཟློས་པའི་བརྗོད་བྱ་དང་། ཨི་ཏི་ཞེས་བྱ་བ་ཕྲད་པའི་དོན་ཡིན་པའི་ཕྱིར་དང་ཅེས་པ་ནོར་རོ། །ཡ་ལ་རྗེས་བརྗོད་མ་བྱས་ཏེ་སྔ་མ་ (7a2) བཞིན་བྱེད་པས་མཐུན་པའོ། །འབྱུང་པ་ཞེས་བྱ་བའི་སྒྲ་ནི་སྐྱེ་བའི་དོན་ཡིན་པའི་ཕྱིར་ཅེས་པའོ། །འབྱུང་པ་ནི་ས་མུད་པ་ཏ་སྟེ་སྔར་དང་མཐུན་ནོ། །སྒྲ་བརྗོད་བྱེད་དོན་ནི་བརྗོད་བྱ་ལ་བྱའོ། །ངག་དོན་སྟོན་པ་ནི་རྐྱེན་དེ་དང་དེ་ལ་རྟེན་ནས་འབྱུང་པ་སྟེ་ཕྲད་ནས་འབྱུང་པའོ་ཞེའོ་ཅེས་པའོ། །གཞན་དག་ན་རེ་ནས་རྗེས་བརྗོད་གཉིས་པ་སྟོན་ཏེ་འདི་ནི་ཟླ་བའི་ཡང་ཕྱོགས་སྔ་མར་གོང་དུ་བཤད་པ་དེའོ། ། (7a3) རྗེས་བརྗོད་འདི་ལ་ནོར་བ་མེད་ལ་འོན་ཀྱང་རྗེས་བརྗོད་མ་རྒྱས་པས་སོ། །དེ་ལྟར་ན་རྗེས་སུ་བརྗོད་པ་ཕྱེད་ནོར། །ཕྱེད་མ་ནོར་ཡང་མ་རྒྱས་པས་རྗེས་བརྗོད་ལ་མ་མཁས་སོ། ། རྗེས་བརྗོད་མི་མཁས་པའི་ཚུལ་གསལ་བར་བཤད་པ། ཅིའི་ཕྱིར་ཞེ་ན་ཞེས་པ་ལསོགས་པས་སོ། །དང་པོ་ནོར་ཅེས་མཐད་པའི་ཚུལ་དུ་བཤད་པ་ནི། གང་ཞིག་ཅེས་པ་ལསོགས་པའོ། །རྟེན་ཅིང་ཅེས་ (7a4) པ་པྲ་ཏི་ནི་བཟློས་པའི་དོན་མ་ཡིན་ཞིང་འབྲེལ་པ་ཨི་ཏི་ཕྲད་པའི་དོན་དུ་མ་ཡིན་ནོ། །འོ་ན་པྲ་ཏི་དང་ཨི་ཏིའི་དོན་ཅི་ཞེ་ན་པྲ་ཏི་ཕྲད་པ་ཨི་ཏི་འགྲོ་བའི་བརྗོད་བྱ་ཅན་ནོ། །ཚོགས་པ་ནི་པྲ་ཏི་ཏྱ་ཅེས་པའོ། །འདིར་སྨྲས་པ། པྲ་ཏི་ཨི་ཏི་བཟློས་པ་མི་སྟོན་ན། ཁྱེད་ལ་བཟློས་པ་སྟོན་པ་བརྗོད་པའི་སྦྱོར་བ་མེད་པར་འགྱུར་རོ་སྙམ་ན། མ་ཡིན་ཏེ་ དེ་སྦྱར་མྱེད་ཀྱང་བརྗོད་འདོད་ལས། (7a5) དེ་དོན་ཉིད་ནི་རྟོགས་འགྱུར་ཏེ་ ཞེས་གསུངས་པ་ལྟར་བརྗོད་འདོད་ཀྱིས་རྣོན་པ་བྱེད་དོ་ཞེས་བཤད་པ། །དེས་ན་ད་ནི་ཕྲད་ཅེས་པ་ལསོགས་པ་སྨོས་ཏེ། པྲ་ཏིས་རྣམ་པ་ཐམས་ཅད་དུ་རྣོན་པ་མི་སྟོན་གྱི་བརྗོད་འདོད་ཀྱི་རྣོན་པ་འབྱུང་པའོ། །སྒྲས་དངོས་སུ་བཟློས་པའི་སྦྱོར་བ་བཀོད་དམ་མ་བཀོད་ཀྱང་བརྗོད་འདོད་ལས་རྣོན་པ་རྟོགས་པའོ། །བརྗོད་འདོད་ཀྱིས་རྣོན་པའི་སྒྲ་སྦྱོར་བ་ནི། ། གང་ལ་རྟེན་ནས་ (7a6) གང་འབྱུང་པར། རང་གི་དངོས་པོར་དེ་མ་སྐྱེས ཅེས་དྲུག་བཅུ་པ་ལས་གསུངས་པ་བཞིན་ནོ། །རྒྱུ་དང་རྐྱེན་གྱི་ཚོགས་པ་དེ་དང་དེ་དང་ཅེས་པ་ནི་བརྗོད་འདོད་ཀྱི་སྒོ་ནས་བཟློས་པའི་སྒྲ་སྦྱར་བའོ། །སྤྱིར་མི་སྟོན་པར་བྱེ་བྲག་དུ་དཀར་ནས་འཛིན་ན་ནི། །མིག་དང་གཟུགས་ལ་ཅེས་པ་བརྗོད་འདོད་ཀྱིས་སྦྱོར་བའོ། །དེ་ལྟར་ཅེས་པ་ནས་འཇུག་བསྡུ་བ་སྟེ། སློབ་དཔོན་ནི་ལེགས་ལྡན་ཏེ་རེས་ (7a7) སློབ་དཔོན་ཟེར། རེས་རྟོག་གེ་པ་ཞེས་སྨྲའོ། ། ད་ནི་ལེགས་ལྡན་གྱི་སུན་འབྱིན་བྱེད་ཚུལ་བཤད་པ། དེ་ཡང་མི་རུངས་སྟེ་ཅེས་པ་ལསོགས་པའོ། །འབྱུང་པའོ་ཞེའོ། །དེ་ཡང་མི་རུངས་སྟེ་ནས་མེད་པའི་ཕྱིར་རོ་ཅེས་པའི་བར་འགྲེལ་པ་ཤེས་རབ་སྒྲོན་མ་ན་ཡོད་དོ། །ཞེས་སུན་འབྱིན་ཅེས་པ་ནས་ཟླ་བའི་འོ། །དོན་འདི་ཡིན་ཏེ་རྗེས་བརྗོད་མི་མཁས་པ་འབའ་ཞིག་དུ་མ་ (7a8) ཟད་ཀྱི་སུན་འབྱིན་ཡང་མི་མཁས་ཏེ། །དམ་བཅའ་ཙམ་ལས་མ་བརྗོད་པའི་ཕྱིར་རོ། །དོན་གཉིས་ཀ་ནི་བཟློས་པ་དང་བསྡུ་པའི་དོན་གཉིས་ཀ་མེད་ཅེས་པའོ། །འོན་ཏེ་ཅེས་པའི་དོན་ནི་ལེགས་ཀྱི་ཕྱོགས་པ་ཞིག་ན་དམ་བཅའ་ལས་མཐད་པ་ལ་བརྗོད་ཅེས་པ་མ་གྲུབ་སྟེ་མཐད་པ་བརྗོད་དོ། །གཟུགས་ཅན་མ་ཡིན་པའི་ཕྱིར་རྣམ་ཤེས་ལ་ཕྲད་པ་མེད་དོ། །ཕྲད་པ་ལ་ (7b1) གཟུགས་ཅན་གྱིས་ཁྱབ་ཅེས་ཟེར་བའོ། །དེ་ཡང་མི་རིགས་ཏེ་ཅེས་པ་ནས་རང་གིས་གཟུགས་ཅན་མ་ཡིན་པ་ལ་ཕྲད་པ་ཁས་བླངས་པས་ཁས་བླངས་པ་དང་འགལ་ཅེས་སྟོན་ཏེ། མདོའ་ལས་དགེ་སློང་འདི་ནི་འབྲས་བུ་ཐོབ་ཅེས་གསུངས་ལ། །ཐོབ་པའི་དོན་ནི་ཉོན་མོངས་པ་སྤངས་པའི་བྲལ་པ་སྡོམས་པ་ཅིག་ལ་ཟེར། དེས་ནི་གཟུགས་ཅན་པ་ཡིན་པས་གཟུགས་ཅན་ལ་ཕྲད་པ་རང་ཉིད་ཀྱང་འདོད་ (7b2) དོ། །མདོའ་འདི་ལེགས་ལྡན་ཡང་འདོད་པས་ཁས་བླངས་ན་དེའི་ཁས་བླངས་དང་འགལ་བའོ། །གཞན་ཡང་པྲ་ཏི་ཕྲད་པ་ཡིན་ལ་ཕྲད་པ་དང་ལྟོས་པ་རྣམ་གྲངས་ཡིན་པར་བཤད་པ། ཕྲད་ནས་ཅེས་པ་ནས་ཏེ་ཕར་ལྟོས་པའོ། །ཚུར་ལྟོས་བཤད་པ་ནི་རྟེན་ཅིང་ནས་སོ། ། ། ། ལེགས་ལྡན་གྱི་རང་ལུགས་མི་འཐད་པ་ལ་གསུམ་ལས་བྱེ་བྲག་དུ་མ་བཤད་པ་བརྗོད་པ། (7b3) འོ་ན་གང་ཡིན་ཞེ་ན་ནས་དོན་ཏོ་ཅེས་པའི་བར་ནི་ཤེས་རབ་སྒྲོན་མའི་འོ། །གང་ཡང་དང་ཞེས་མན་ཆད་ཟླ་བའི་འོ། །དོན་ནི་ཁྱོད་ཀྱིས་སྒྲ་བཤད་མ་བྱས་པས་སྒྲ་མ་བཤད་པའི་ཉེས་པ་བྱུང་ཅེས་པའོ། །འདི་ཡོད་པས་ཅེས་པ་བདུན་པ་ཡིན་ཏེ། དེ་རྒྱུ་བདུན་པ་དང་དེ་ལས་སྐྱེ་བའོ། །དེས་ན་འདི་ཡོད་ན་ཅེས་བྱ་འོ། །འདི་སྐྱེས་པའི་ཕྱིར་ཅེས་པ་ལྔ་པ་སྟེ། འདི་སྐྱེས་པས་འདི་སྐྱེ་ (7b4) ཅེས་བྱའོ། །རྟེན་ཅིང་ཅེས་བྱ་བ་དང་འབྲེལ་པར་འབྱུང་པའི་སྒྲ་གཉིས་རེ་རེ་ལ་དོན་གྱི་ཁྱད་པར་མ་བརྗོད་པའི་ཕྱིར་ལ་ཅེས་བྱའོ། །སྒྲ་བཤད་མ་བྱས་མོད་ཉེས་པ་མྱེད་དོ་ཞེ་ན། །དེ་བྱེ་བྲག་དུ་བཤད་པ་ཡང་བརྗོད་པར་བཞེད་པའི་ཕྱིར་རོ་ཞེས་བྱ་སྟེ། སློབ་དཔོན་ཀླུ་གྲུབ་སྒྲ་བཤད་བཞེད་པས་སོ། ། རྟེན་ནས་འབྱུང་པ་འདི་ལ་སྒྲ་བཤད་མེད་དེ། དཔེར་ན་དགོན་པའི་ཤིང་ཅིག་ལ་མིང་ཐིག་ལེ་ཞེས་ (7b5) གྲགས་ཀྱང་དེ་ལ་སྒྲ་བཤད་པའི་རྒྱུ་མཚན་མྱེད། སྒྲ་བཤད་ནི་དཔྲལ་བར་འབྱུག་པའི་གུར་གུམ་ལསོགས་པའི་དྲི་ལ་ཡོད་མོད་ཀྱི། །འོན་ཀྱང་དེ་ལ་དགོན་པའི་ཐིག་ལེའི་སྒྲ་གཏིང་ཚུགས་པ་བཞིན་འདི་ལ་ཡང་འཇུག་པ་ཁོ་ན་དང་ལྡན་ནོ་ཞེས་སྨྲ་བ་ནི་ཅི་སྟེ་ཡང་ཅེས་པ་ནས་སོ། །དེ་མི་འཐད་དེ་རིགས་པ་དྲུག་བཅུ་པར་སློབ་དཔོན་ཉིད་སྒྲ་བཤད་མཛད་དོ་ཞེས་བཤད་པ་དེ་ཡང་མི་འཐད་དེ་ནས་ (7b6) སོ། །གལ་ཏེ་ཁྱོད་ལ་སྒྲ་བཤད་བྱེད་པའི་ལུགས་དྲུག་བཅུ་པ་ཡོད་ན། ང་ལ་ཡང་མ་བྱས་པའི་ལུང་རིན་འཕྲེང་ཡོད་ཅེ་ན། དེ་ལྟར་ན་ཁོ་བོ་ཅག་གི་ཕྱོགས་སུ་འགྱུར་ཏེ་ཞེས་སྟོན་པ་ནི་ཅི་སྟེ་འདི་ནས་སོ། ། ། ། དོན་གཉིས་པ་རྟེན་འབྲེལ་བསྟན་པའི་དགོས་པ་བཤད་པ། དེའི་ཕྱིར་དེ་ལྟར་འདིར་བཅོམ་ལྡན་འདས་ཀྱིས་དངོས་པོ་རྣམས་འབྱུང་པ་ཞེས་པ་ནས་ (7b7) སོ། །དོན་འདི་ཡིན་ཏེ་ཀུན་རྫོབ་དུ་མི་མཐུན་ཕྱོགས་དྲུག་བཀག་ནས་ཀུན་རྫོབ་ཇི་ལྟར་གནས་པ་བཞིན་རྟོགས་པ་ནི་རྟེན་འབྲེལ་བསྟན་པའི་དགོས་པའོ། ། སྐབས་མཛོད་དུ་རྒྱ་སྐད་ལ་བཤད་གཞིའ་བྱས་ནས་བཤད་དེ་དེ་ལེགས་སྐད། ། སྒྲ་བཤད་དཀའ་པར་གྲགས་པ་ཅན། ། བདག་གིས་རྣམ་པར་ཕྱེ་ནས་བཤད། ། བསོད་ནམས་ཟླ་ཉི་ལྟ་བུ་དེས། ། ཡེ་ཤེས་འབྱུང་གནས་ཐོབ་པར་ཤོག ། (14) (7b8) རྟེན་འབྲེལ་གྱི་སྒྲ་བཤད་རྫོགས་སྷོ། ། ། ། ཁྱད་པར་གཞིར་གྱུར་སྟོན་པ་སངས་རྒྱས་ཏེ། ། ཁྱད་པར་རྣམ་གཉིས་དང་པོ་རྟེན་འབྲེལ་ལོ། ། འདི་ཉིད་གཞིར་བྱས་ཁྱད་པར་རྣམ་པ་བརྒྱད། ། ཚིག་དོན་རིམ་པར་བདག་གིས་བརྗོད་པར་བྱ། ། (15) རྟེན་འབྲེལ་གྱི་ཚིག་དོན་སྒྲ་བཤད་ཅན་བཤད་ནས། ད་ནི་རྟེན་འབྲེལ་གྱི་ཁྱད་པར་རྣམ་པ་བརྒྱད་པོའི་ཚིག་དོན་སྟོན་ནོ། ། (8a1) འདི་ལ་གསུམ་ལས་དང་པོ་རེ་རེའི་ཚིག་སྟོན་ཏེ། ཕྱི་ནང་གི་རྟེན་འབྲེལ་ལ་ཀུན་རྫོབ་དུ་འགག་པ་ལསོགས་པ་ཡོད། །དམ་པའི་དོན་དུ་འགག་པ་ནས་དོན་གཅིག་པ་མེད་པར་སྟོན་ཏོ། །དམ་པའི་དོན་ཅེས་པའི་ནི་དྲུག་པའི་བསྡུ་བ་སྟེ། དོན་ནི་ཡུལ་ཡིན། དམ་པ་ནི་ཡེ་ཤེས་ཏེ། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་ཡུལ་དུ་རྟེན་འབྲེལ་ལ་འགག་པ་ལསོགས་པ་མེད་པའི་དོན་ཏོ། །ཡང་ན་དོན་དམ་ཅེས་ (8a2) གཞི་འཐུན་ཏེ། དགོས་པ་བཟང་པོ་ནི་དོན་དམ་མོ། །འགག་པ་ལསོགས་པ་དྲུག་གི་བྱ་བ་འགོག་ལ། ཐ་མ་པ་གཉིས་ཀྱིས་བྱ་བ་མེད་པར་མི་སྟོན་གྱི་དངོས་པོ་མི་གནས་པར་སྟོན་ཏེ། ཐད་ཀར་བཤད་པ་བྱའོ། །སྤྱིའི་དོན་ཏོ། ། ཡན་ལག་གི་དོན་ལ་གཉིས་ཏེ། དགག་བྱ་དགག་ཚིག་དང་སྦྱར་བ་དང་། དགག་བྱ་ཉིད་བཤད་པའོ། ། ད་ནི་རྟེན་ཅིང་འབྲེལ་པར་འབྱུང་པ་ནས་ཁྱད་པར་དུ་བྱེད་དེ་ཅེས་པའི་ (8a3) བར་གྱིས་བསྟན་ཏེ། འགག་མེད་སྐྱེ་མེད་ཅེས་མེད་པའི་སྒྲ་སྦྱར་བས་དགག་བྱ་དང་དགག་ཚིག་སྦྱར་པའོ། །ཀུན་རྫོབ་ནི་འོ་སྐོལ་གྱི་ཤེས་པ་འཁྲུལ་པ་འདི་ཉིད་ལ་བྱ་ཏེ། དེའི་ངོ་ན་ཕྱི་ནང་གི་རྟེན་འབྲེལ་རྣམས་ལ་སྐྱེ་འགག་ལསོགས་པ་སྣང་པའོ། །རང་བཞིན་ནི་རང་གི་མཚན་ཉིད་སྟེ་སའི་སྲ་པ་ལསོགས་པའོ། །འཕགས་པ་ནི་སྤྱི་སྒྲ་ཡིན་པས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གཉིས་ (8a4) ཀ་བཟུང་སྟེ། བྱང་ཆུབ་སེམས་དཔའི་མཉམ་གཞག་ལ་ཡང་སྐྱེ་འགག་ལསོགས་པ་མི་སྣང་པས་སོ། །ཡང་ན་སྤྱི་སྒྲ་ཡང་བྱེ་བྲག་ལ་འཇུག་པས་འཕགས་པ་སངས་རྒྱས་ཉིད་དེ། དེའི་ཡེ་ཤེས་ཀྱི་ཡུལ་དུ་འགག་པ་ལསོགས་པ་མི་སྣང་པའི་ཕྱིར་རོ། །དོན་གཅིག་ཅེས་པས་མཐའ་བཟུང་སྟེ་ཐོག་མཐའ་གཉིས་བླངས་པའོ། ། དགག་ཚིག་དང་མ་སྦྱར་བར་དགག་བྱ་བཤད་པ། འགག་པས་ན་འགག་ (8a5)པ་སྟེ་ཅེས་པ་ལསོགས་པའོ། །བརྒྱད་པོ་ལ་མེད་ཅེས་པ་མ་སྦྱར་པར་སྟོན་པས་དགག་བྱ་འབའ་ཞིག་བསྟན་ཏོ། །དེ་ལ་འགག་པ་ཞེས་བྱ་བ་ནི་འགག་པར་བྱ་བས་ན་འགག་པ་སྟེ། བུམ་པ་འམ་འགག་པར་བྱེད་པས་འགག་པ་སྟེ་ཐོ་བ་ལྟ་བུ་ནི་འདིར་དགག་བྱ་མ་ཡིན་གྱི། འགག་པས་ན་འགག་པ་སྟེ་བྱ་བ་འགོག་གོ །རྟེན་འབྲེལ་སྐད་གཅིག་མར་འཇིག་པའི་བྱ་བ་དེ་མེད་ཅེས་པའོ། ། (8a6) དེ་ལྟར་ན་ལས་སྒྲུབ་དང་བྱེད་སྒྲུབ་མ་ཡིན་ཏེ་དངོས་པོ་སྒྲུབ་པ་འགོག་པའོ། །སྐྱེ་བ་ཞེས་པ་ཡང་སྐྱེ་བར་བྱ་བས་སྐྱེ་བ་མྱུ་གུའི་སྐད་ཅིག་དང་པོ་ལྟ་བུའོ། །སྐྱེ་བར་བྱེད་པས་སྐྱེ་བ་རྒྱུ་རྐྱེན་ལྟ་བུ་མ་ཡིན་ཏེ། སྐྱེ་བས་ན་སྐྱེ་བ་ཅེས་པ་དངོས་པོ་སྒྲུབ་པ་སྟེ། སྐྱེ་བའི་བྱ་པ་དེ་དགག་བྱའོ། །སྐད་ཅིག་གི་དངོས་པོར་འཐོལ་གྱིས་གྲུབ་པ་འམ་རེད་པ་དེའི་བྱ་བ་མེད་པའོ། །ཆད་པ་ནི་ཆད་པར་བྱ་བས་ན་ (8a7) ཆད་པའི་བུམ་པ་ལསོགས་པ་འམ། ཆད་པར་བྱེད་པས་ཆད་པ་འགག་རྒྱུ་ལྟ་བུ་མ་ཡིན་ཏེ། ཆད་པས་ན་ཆད་པ་སྟེ་བུམ་པ་ཞིག་པའི་བྱ་བ་དེ་འགོག་པའོ། །འགག་པ་དང་ཆད་པའི་ཁྱད་པར་འདི་ཡིན་ཏེ་སྐད་ཅིག་མའི་བྱ་བ་མེད་པ་ནི་འགག་པ་མེད་པ་ཡིན་ལ་རྒྱུན་གྱི་བྱ་བ་མེད་པ་ནི་ཆད་མེད་དོ། །དེ་ལྟར་ན་འགག་པ་ནི་སྐད་ཅིག་མའི་མི་རྟག་པའོ། །ཆད་པ་ནི་རྒྱུན་གྱི་མི་རྟག་པའོ། (8a8) རྟག་པ་ཡང་བརྟག་པར་བྱ་བས་བརྟག་པ་རི་དང་བུམ་པ་ལྟ་བུ་འམ། རྟག་པར་བྱེད་པའི་ཆོས་མ་ཡིན་གྱི་རྟག་པས་ན་རྟག་པས་ཏེ་བྱ་བ་འགོག་པའོ། །རི་ལསོགས་པ་ལ་སྔ་ཕྱིའི་རི་བོ་མི་འདྲ་བ་མེད་པར་དུས་རྟག་དུ་ཐེར་ཟུག་དུ་གནས་པ་ནི་རྟག་པ་ཡིན་ལ། དེ་ལྟར་གནས་པའི་བྱ་བ་དེ་མེད་པའོ། །འོང་པ་དང་འགྲོ་པ་ནི་དངོས་པོ་གཅིག་ལ་ལྟོས་ནས་འཇོག་སྟེ། དཔེར་ན་མི་ཅིག་བསད་པ་ན་ཕ་ (8b1) བསད་བུ་བསད་གཉིས་ཀ་བཏུབ་པ་བཞིན་ནོ། །འོང་པ་རིང་འགྲོའ་བ་ཡུལ་ཉེ་པའོ། །མི་ཚན་ཅིག་གི་ནང་ནས་མི་ཅིག་གཞན་དུ་འགྲོ་པ་ན་ཡུལ་ཉེ་བ་ཟླ་བོ་ལ་ལྟོས་ནས་འགྲོ་ཟེར། །རིང་པ་འགྲོ་པའི་དེ་པའི་མིས་འོང་ཟེར་བའོ། །དེ་གཉིས་ཀྱི་ཡང་འགྲོ་པའི་བྱ་པ་འགོག་གི་བྱེད་པ་རྐང་པ་དང་ལས་ལམ་མི་འགོག་གོ ། ཐ་དད་ནི་བུམ་སྣམ་ལྟ་བུ་སྟེ། གཅིག་གཅིག་ལས་གཞན་དུ་གནས་པས་ཐ་ (8b2) དད་དེ་དམ་པའི་དོན་དུ་དེ་དག་མེད་པའོ། །དོན་ཅིག་གི་ནི་གཞིའ་འཐུན་གྱི་སྒྲ་བཤད་ཀྱི་སྒོ་ནས་བསྟན་ཏེ། བུམ་པ་དང་བུམ་པ་ཉིད་དམ་སྔོན་པོ་དང་སྔོན་པོ་ཉིད་ནི་དོན་ཅིག་གོ །དེ་ཡང་དོན་གཅིག་བཀག་པ་ཙམ་གྱི་མེད་དགག་བྱ་མ་ཡིན་ཏེ་སྔོན་པོ་དང་སྔོན་པོ་ཉིད་ཐ་དད་བཀག་ནས་ཅིག་དུ་སྟོན་པ་མ་ཡིན་གྱི་དགག་སྒྲུབ་བྱའོ། ། གལ་ཏེ་རྟེན་འབྲེལ་ལ་འགག་པ་ནས་དོན་གཅིག་མྱེད་ཅེས་པའི་ (8b3) དགག་པ་དེ་མ་གྲུབ་སྟེ། འགག་པ་ཡོད་ཅིང་དོན་གཅིག་ཡོད་དོ་སྙམ་ན། དགག་པ་སྒྲུབ་པ་བརྗོད་པ། རྟེན་ཅིང་འབྲེལ་པར་འབྱུང་པ་ལ་ཇི་ལྟར་འགག་པ་ཞེས་པ་ལསོགས་པ་སྨོས་སོ། །དགག་པ་གྲུབ་པའི་འཐད་པ་ཅི་ལྟར་ཡིན་པ་ནི་རྐྱེན་བརྟག་པ་ལས་བསྟན་ཏེ། །རྡོར་ཟེགས་ལས་སྐྱེ་བ་དངོས་སུ་བཀག་པས་བདུན་པོ་ཡང་ཤུགས་ལ་ཁེགས་སོ། །དེ་ཉིད་ཀྱིས་དགག་པ་ (8b4) གྲུབ་པོ། ། གལ་ཏེ་རྟེན་འབྲེལ་ལ་ཁྱད་པར་བརྒྱ་སྟོང་ཁྲི་འབུམ་ཡོད་པ་ལས་འདིར་བརྒྱད་སྟོན་ལ། དེ་ལས་མང་པ་དང་ཉུང་པར་མི་སྟོན་པ་ཅིའི་ཕྱིར་ཞེ་ན། བརྒྱད་ཀྱི་ངེས་པ་བརྗོད་པ། རྟེན་ཅིང་འབྲེལ་པར་འབྱུང་པ་ལ་ཁྱད་པར་ཞེས་པ་ནས་སོ། །དོན་ནི་གཙོར་གྱུར་པ་གཉིས་ཡིན་པས་ངེས་པར་བརྗོད་དོ། །གཙོར་རྩོད་པའི་རྩ་བར་གྱུར་པའི་དགག་བྱ་བརྒྱད་འགོག་པས་གྲངས་ངེས་ཏེ། (8b5) བྱེ་བྲག་པ་འཇིག་པ་རྒྱུ་བཅས་སུ་འདོད་དེ་བུམ་པའི་འཇིག་རྒྱུ་ཐོ་པ་ལསོགས་པར་འདོད། །འོ་སྐོལ་འཇིག་པ་རྒྱུ་མེད་དུ་འདོད་པས་འགག་མེད་སྨོས་སོ། །གྲངས་ཅན་མངོན་པར་གསལ་པའི་སྐྱེ་བ་དང་། གནས་སྐབས་གསལ་བའི་སྐྱེ་བར་འདོད། །འོ་སྐོལ་མ་བྱུང་པ་ལས་བྱུང་པའི་སྐྱེ་བར་འདོད་པས་དེ་ལ་བརྩོད་དོ། །དེའི་གཉེན་པོ་སྐྱེ་མེད་དོ། །ཁ་ཅིག་མི་མངོན་པར་སོང་ (8b6) པ་ཙམ་གྱི་མི་རྟག་པར་འདོད་པ་དེའི་དོན་དུ་ཆད་མེད་དོ། །ཁ་ཅིག་རི་ལསོགས་པ་སྐད་ཅིག་མ་མ་ཡིན་པར་ཐེར་ཟུག་དུ་འདོད། ལ་ལ་སྐད་ཅིག་ཡིན་ལ་རྒྱུན་མི་འགྱུར་བ་གནས་པར་འདོད། འོ་སྐོལ་སྐད་ཅིག་དང་རྒྱུན་ཡང་མི་རྟག་པར་འདོད་དོ། །དེའི་ཆེད་དུ་རྟག་མེད་དེ། འོ་སྐོལ་སྐྱེ་བ་སྔ་མའི་ལས་ཀྱིས་ད་ལྟའི་ཕུང་པོ་འདི་འོང་པར་འདོད། །རྒྱང་པན་པ་ན་རེ་ (8b7) ལས་ཀྱིས་མ་བྱུང་གི་འབྱུང་པའི་རྣམ་འགྱུར་གྱིས་བྱུང་ཟེར། འོ་སྐོལ་ད་ལྟའི་ལས་དང་ཉོན་མོངས་པས་སྐྱེ་བ་ཕྱི་མར་འགྲོ་བར་འདོད། རྒྱང་པན་པ་ནི་སྐྱེ་བ་ཕྱི་མ་མེད་ཀྱི་ལུས་སེམས་འབྱུང་པ་བཞི་དང་ནམ་མཁའི་བག་ལ་ཞ་བར་འདོད་པས་འགྲོ་འོང་ལ་བརྩོད་དོ། །དེའི་ཆེད་དུ་འགྲོ་འོང་མེད་པའོ། །ཐ་དད་ནི་ཁ་ཅིག་ན་རེ་སྔོན་པོ་གསལ་བ་དང་སྔོན་པོ་ཉིད་ཐ་དད་ཟེར། འོ་སྐོལ་གཅིག་དུ་འདོད་པའོ། ། (8b8) དོན་ཅིག་ལ་ཡང་བརྩོད་པ་ཡོད་དེ། བུམ་པའི་གསལ་བ་དང་བུམ་པ་ཉིད་ཅེས་པའི་སྤྱི་ཁྱབ་བྱེད་དང་སྣམ་བུ་དང་སྣམ་བུ་ཉིད་ཅེས་པའི་སྤྱི་གསལ་བ་ལ་ཁྱབ་པ་ཞིག་ཡོད་དོ་ཅེས་པ་ནི་སྤྱི་ཆུང་ཤོས་སོ། །བ་ལང་དང་བུམ་སྣམ་ཐམས་ཅད་ལ་ཡོད་པ་ཉིད་ཅེས་པའི་སྤྱི་ཅིག་གིས་ཁྱབ་པོ་ཟེར་བ་ནི་སྤྱི་ཆེན་པོའོ་དེ་ལྟ་བུ་ཁ་ཅིག་འདོད། ལ་ལ་མི་འདོད་དོ། །ཁྱད་པར་བརྒྱད་པོའི་ཚིག་དོན་དེས་ནི་བསྡུས་ (9a1)། དོན་གྱི་སྐབས་ཀྱི་བརྗོད་བྱ་གང་ཡིན་ཅེས་དྲིས་པའི་ལན་བཏབ་པ་ཡིན་ནོ། ། དགུ་པ་དང་བཅུ་པ་གཉིས་ཀྱང་རྟེན་འབྲེལ་གྱི་ཁྱད་པར་དུ་བཤད་དུ་འདོད་མོད་ཀྱི་ལོགས་སུ་སྟོན་ཏེ། འདི་གཉིས་ཀྱིས་དགོས་པ་གང་ཡིན་ཅེས་གོང་དུ་དྲིས་པའི་ལན་ཡིན་ཏེ་དགོས་པ་གཉིས་སྟོན་ཏོ། ། དགུ་པའི་ཚིག་དོན་བརྗོད་པ་རྟེན་ཅིང་འབྲེལ་པར་འབྱུང་པ་ཇི་ལྟར་གནས་པ་ནས་སོ། །གོང་དུ་དགོས་པ་གང་ (9a2) ཡིན་ཅེས་དྲིས་པའི་དགོས་པ་ནི་སྤྱི་སྒྲ་ཡིན་པས་དགོས་པ་དང་དགོས་པའི་དགོས་པ་གཉིས་ཀ་ལ་འཇུག་པས་འདིར་དགོས་པའི་དགོས་པ་གཉིས་སྟོན་ཏོ། །སྒྲ་དགོས་ནི་རྟོགས་པ་ཡིན་དེ་ཙམ་གྱིས་ཉིང་དགོས་མི་འགྲུབ་སྟེ། སྒྲས་རྟོགས། དེས་བསམས། དེ་ནས་སྒོམས་པས་རྟོགས་པ་ན་བརྗོད་བྱ་བརྗོད་བྱེད་ལསོགས་པའི་སྤྲོས་པ་ཞི་བའོ། །གཟིགས་པ་ནི་བསྒོམས་པས་རྟོགས་པའོ། །འདིར་ཅེས་པ་ནི་རྟེན་ (9a3) འབྲེལ་འདིར་ཏེ། ཡོད་པའི་དོན་གྱི་བདུན་པ་ཡིན་པས་རྟེན་འབྲེལ་རྟོགས་པ་ཡོད་ན། བརྗོད་བྱ་དང་བརྗོད་བྱེད་དང་མཚན་ཉིད་དང་མཚོན་བྱ་དང་ཤེས་བྱ་ཤེས་བྱེད་དང་གོ་བྱ་གོ་བྱེད་ལསོགས་པའི་སྤྲོས་ཀུན་ཞི་བའོ། །ཉིང་དགོས་གཉིས་པ་ནི་བཅུ་པའི་ཚིག་དོན་གྱིས་སྟོན་ཏེ། རྟེན་འབྲེལ་སྒྲས་ཐོས་བསམ་བསྒོམས་པས་རྟོགས་པ་ན་སངས་རྒྱས་ཏེ་སེམས་དང་སེམས་བྱུང་གི་བརྟོག་པ་བཟློག་པའོ། །འདིའོ་བཞེད་ (9a4) ཀྱོས་སངས་རྒྱས་ནི་ཆོས་ད་སྐུའ་འབའ་ཞིག་སྟེ། སྐུ་གཉིས་གདུལ་བའི་སྣང་པ་སྟེ། ས་ཐོབ་པ་དང་གདུལ་བྱ་མ་དག་པར་ལ་ལོངས་སྐུ་སྤྲུལ་སྐུ་གཉིས་སྣང་པར་བཞེད་དོ། །འདི་ལ་ནི་རྟེན་འབྲེལ་འདི་ལ་སྟེ། ཡོད་པའི་དོན་གྱི་བདུན་པ་སྟེ། རྟེན་འབྲེལ་འདི་ཐོས་བསམ་བསྒོམ་གྱིས་རྟོགས་ན་ཤེས་པ་དང་ཤེས་བྱའི་ཐ་སྙད་ལོག་ནས་སྐྱེ་དགའ་ལསོགས་པ་དང་བྲལ་པས་ཞི་བའོ། །ཤེས་པ་དང་ཤེས་བྱ་ (9a5) གཉིས་སུ་ཀུན་རྫོབ་ཐམས་ཅད་འདུས་སོ། ། རྣམ་དབྱེའ་བརྗོད་པ་འདི་སྐད་བསྟན་པའི་ཁྱད་པར་ནས་སོ། །དོན་ནི་སྤྱིར་རྣམ་འབྱེད་བདུན་ཡོད་པ་ལས་འདིར་ནི་གཉིས་པ་ལས་ཀྱི་ཚིག་གཉིས་ཏེ། སྟོན་པ་པོ་སངས་རྒྱས་དང་བསྟན་པ་བྱ་བ་གཉིས་མ་ཡིན་ཏེ་བསྟན་བྱ་ལས་དེ་འཆད་དོ། །དཔེར་ན་འབིག་ཁྲམ་ཅེས་པ་ཤིང་ལ་གཅེས་ན་ཤིང་ལ་ཅེས་ལས་ཀྱི་གཉིས་ཀྱི་ཚིག་ཡིན་པ་ལྟར་ཁྱད་པར་བརྒྱད་དང་ཁྱད་པར་ཅན་ཐམས་ཅད་ལ་ (9a6) ལས་ཀྱི་གཉིས་ཚིག་ཡོད་དེ། ཡ་པྲ་ཏཱི་ཏྱ་ས་མུད་པའ་ཏམ། ཨ་ནི་རོ་དམ། ཨ་ནུད་པ་དམ། ཨ་ནུད་ཚེ་དམ། ཨ་ཤའ་ཤའཨོ་དམ། ཨ་ན་འགའ་མམ། ཨ་ནིར་འགའ་མམ། ཨ་ནེར་ཀར་ཏམ། ཨ་ན་ནར་དམ། ཨ་པྲ་པན་ཙམ། ཤི་བམ་ཅེས་ཐམས་ཅད་ལ་གླད་ཀོར་ཡོད་དོ། །བོད་སྐད་ལ་སྒྱུར་ན་ལ་རེ་རེ་ཡོད་དོ། །གང་གིས་རྟེན་ཅིང་འབྲེལ་འབྱུང་ལ། འགག་མེད་ལ་སྐྱེ་པ་མེད་ལ་ཅེས་པ་ལསོགས་པ་སྟེ་བསྒྱུར་དུ་མི་ (9a7) འདོད་སྐད། འདོད་པ་དམ་པ་ནི་སྒྲུབ་པར་འདོད་པ་དམ་པ་འམ་གཙོའ་བོ་སྟེ། དཔེར་ན་ངས་ཤིང་འདི་བཅད་དོ་སྙམ་ནས་ཞེ་ཀམ་ཡེ་པ་ལྟ་བུའོ། །ཁྱད་པར་མནན་པ་བརྗོད་པ། རྟེན་ཅིང་འབྲེལ་པར་འབྱུང་པ་ཇི་སྐད་ནས་སོ། །ཁ་ཅིག་དུ་རྣན་པ་ངེས་བཟུང་ལ་ཟེར་ཡང་འདི་དེ་ལྟར་མ་ཡིན་ཏེ་ལྡབས་པ་ལ་བྱ་སྟེ། སངས་རྒྱས་ལ་ཡོན་ཏན་ཁྱད་པར་ཡང་འཆད་དེ། །རྟེན་འབྲེལ་སྟོན་མཁན་ཡིན་པར་མ་ཟད། (9a8) སྨྲ་བ་རྣམས་ཀྱི་མཆོག་ཁོ་ན་ཡིན་ཅེས་དད་ཅིང་བྱིས་པ་རྣམས་བླ་བརྡོལ་སྨྲ་བར་ཤེས་ནས་ཁྱད་པར་དུ་ཁྱད་བརྗོད་དོ། །དེ་ལྟར་རྟེན་འབྲེལ་ལ་ཁྱད་པར་བསྣན་པ་མ་ཡིན་ནོ། ། རིམ་པ་ངེས་པ་མེད་པ་བརྗོད་པ། འདིར་འགག་པ་སྔར་བཀག་པ་ནས་སོ། །འདི་ནི་གོང་དུ་འོང་པར་རིགས་པ་ཞིག་འདིར་བཀོད་དེ། །འཇིག་རྟེན་པ་དང་དངོས་སྨྲ་ཐམས་ཅད་ན་རེ་སྐྱེ་འགག་གི་རིམ་པ་ནི་འདི་ཡིན་ཏེ་སྐྱེས་ནས་འགག་པ་ཡིན་ (9b1) པས་སྐྱེ་བ་སྔའོ། །མ་སྐྱེས་པར་འཇིག་པ་མི་སྲིད་པའི་ཕྱིར་རོ། །དེས་ན་དང་པོ་སྐྱེ་བ་སྨོས་པར་རིགས་སོ་ཞེས་ཟེར། རྟོག་པ་དེ་ལྟ་བུ་བཟློག་ཅིང་རིམ་པ་ངེས་པ་མེད་པར་བསྟན་པའི་དོན་དུ་དགག་པ་དང་པོར་གསུངས་སོ། །ཀུན་རྫོབ་དོན་དམ་གཉིས་ཆར་དུ་སྐྱེ་འགག་ལ་གོ་རིམས་ངེས་པ་མེད་དེ། འགག་པའི་སྔོན་དུ་ཡང་སྐྱེ་བ་འགྲོ་བའི་ཕྱིར་རོ། །སྐྱེ་བ་འགག་པའི་སྔོན་དུ་མ་སོང་ན་མ་ཤི་བར་ཡང་སྐྱེ་བར་ཐལ། (9b2) དེ་འདོད་ན་སེམས་ཅན་སར་པ་འབྱུང་པར་འགྱུར་ན་འདོད་པ་མ་ཡིན་ནོ། ། ད་ནི་བརྗོད་བྱའི་དོན་དགྲོལ་བ་སྟོན་ཏེ། །རབ་ཏུ་བྱེད་པ་ཉེར་ལྔས་ཁྱད་པར་བཤད། །ཉེར་དྲུག་པས་ཁྱད་གཞི་རྟེན་འབྲེལ། །ཉེར་བདུན་པས་དེ་མཐོང་པའི་ཕན་ཡོན་འཆད་དོ། ། དང་པོ་ལ་གསུམ་ལས་ཁྱད་པར་གཙོས་བོའོ། ། འདི་ལ་གཉིས་ལས་རྐྱེན་བརྟག་པའི་རབ་ཏུ་བྱེད་པ་སྟོན་པ་ལས་ཐོག་མར་རབ་ཏུ་བྱེད་པ་ཉི་ཤུ་རྩ་བདུན་པོ་ཐམས་ཅད་ཀྱི་ (9b3) སྤྱི་འབྲེལ་ཞིག་བརྗོད་པ། ད་ནི་སློབ་དཔོན་རྟེན་ཅིང་འབྲེལ་བར་འབྱུང་པ་འགག་པ་མེད་པ་ལསོགས་པས་ཁྱད་པར་དུ་འཕགས་པར་གྱུར་པ་བསྟན་པར་བཞེད་ནས་ཅེས་པའོ། །རབ་ཏུ་བྱེད་པ་ཐམས་ཅད་ལ་འབྲེལ་གཉིས་གཉིས་ཡོད་དེ་སྤྱི་འབྲེལ་རེ་དང་ནང་ཚན་རེ་རེའི་འོ། །སྤྱི་འབྲེལ་ནི་གཞུང་གིས་དངོས་སུ་མ་བསྟན་ཏེ། ལྔ་ཚན་དྲུག་ཚན་ཅེས་པ་ལསོགས་པ་སྟེ་གཞན་དུ་བཤད་དོ། །དགོས་འབྲེལ་ནི་འགྲེལ་པ་ (9b4) འདི་ན་གསལ་ལོ། ། རྐྱེན་བརྟག་གི་དགོས་འབྲེལ་བཤད་པ། སྐྱེ་བ་འགག་པས་འགག་པ་ལསོགས་པ་དགག་པར་སླ་བར་དགོངས་ཤིང་ཐོག་མར་སྐྱེ་བ་དགག་པ་རྩོམ་པར་མཛད་དོ། །ཞེས་པའོ། །སྐྱེ་བ་བཀག་པས་ཤུགས་ལ་འགག་པ་དང་བདུན་པོ་དགག་པ་གྲུབ་པས་དང་པོར་སྐྱེ་བ་འགོག་པའོ། །གཉིས་པ་འགྲོ་འོང་དགག་པའི་འབྲེལ་ལསོགས་པ་ནི་སྐབས་ཇི་ལྟ་བ་བཞིན་བཤད་པར་བྱའོ། ། (9b5) འབྲེལ་བརྗོད་ནས་དམ་བཅའ་སྟོན་ཏོ། །སྐབས་འདིར་གཞན་ལུགས་དགག་པ་དང་རང་གཞུང་བརྗོད་པ་གཉིས་མཛད་དོ། ། དང་པོ་ནི་ཧེ་དུ་ཐམས་ཅད་གཉིས་སུ་གནས་པ་ལས་རྟེན་འབྲེལ་སྒྲུབ་པའི་ཧེ་དུ་ཡིན་པས་འདིར་མི་སྤྱད་དོ། །གཞན་གསུམ་ནི་དགག་པའི་ཧེ་དུའོ། །འདིར་ལུགས་ནི་གཉིས་སུ་ལྟ་སྟེ། ཤར་པ་མཁན་རྣམས་ཀྱིས་བྱེད་པར་འདོད། །སངས་རྒྱས་སྐྱངས་དང་ཟླ་གྲགས་ནི་ལས་སུ་བཞེད་དོ། ། (9b6) དང་པོ་ནི་དགག་བྱ་སྟེ་དེ་ལ་ལུགས་བཞིའོ། །འདི་ལྟར་སྣང་བ་ཆོས་ཅན་དང་། ཡང་སྣང་བ་ཆོས་ཅན་དང་། བརྟགས་པ་དང་རྟོག་པའི་རང་བཞིན་ཆོས་ཅན་དུ་འདོད་པའོ། །དེའི་བཤད་པ་ནི་གཞན་དུ་བལྟའོ། ། གཉིས་པ་རང་ལུགས་བསྟན་པ་ནི། རྩ་འགྲེལ་འདིར་དགག་པ་འབའ་ཞིག་བྱེད། དེ་ཡང་དམ་པའི་དོན་དུ་འགོག་སྟེ། ཡེ་ཤེས་ཀྱི་ཡུལ་དུ་སྐྱེ་བ་མེད་ཞེས་སྟོན་ཏོ། གཞན་སྐྱེ་བ་ལསོགས་ (9b7) པ་འགའ་ཞིག་ནི་ཀུན་རྫོབ་ཏུ་ཡང་མེད་ཅེས་འཆད་དོ། །སྐྱེ་བ་ལསོགས་པ་ནི་འཁྲུལ་པ་ཀུན་རྫོབ་པ་སྟེ། འོ་སྐོལ་ལ་སྣང་བའི་དངོས་པོ་ལསོགས་པ་འདི་ཉིད་སངས་རྒྱས་ལ་སྣང་ཡང་མི་སྣང་མེད་ཀྱང་མྱེད་དོ། །འོ་སྐོལ་ལ་ནི་ཡོད་པ་སྣང་མེད་པ་ཡང་སྣང་སྟེ་ཡང་དག་ཀུན་རྫོབ་ཀྱི་སྣང་བ་ཐ་སྙད་ཙམ་དུ་ཡོད་བདེན་པར་མེད་དོ། །ལོག་པའི་ཀུན་རྫོབ་ཀྱི་སྣང་བ་ནི་ཐ་སྙད་དུ་ཡང་མེད་པ་སྣང་བའོ། ། (9b8) དེ་ལྟར་ན་དོན་དམ་དུ་དགག་པ་བྱེད་པ་ལ་ཀུན་རྫོབ་ཀྱང་ཤེས་དགོས་པས་བདེན་པ་གཉིས་དོན་དྲུག་གིས་གཏན་ལ་འབེབས་སོ། །འདིའི་བཤད་པ་ནི་གཞན་དུ་བྱས་ཟིན་ཏོ། ། དམ་བཅའི་འབྲེལ་བརྗོད་པ་སྐྱེ་བ་ཡང་གཞན་གྱིས་བརྟགས་པ་ན་བདག་གམ་གཞན་ནམ་གཉིའ་ག་འམ་རྒྱུ་མེད་པ་ཞིག་ལས་རྟོག་གྲང་ན། ཐམས་ཅད་འཐད་པ་མ་ཡིན་ནོ་སྙམ་དུ་ངེས་པར་མཛད་ནས་བཤད་པ་ཞེས་བྱ་བའོ། །ཕྱི་ནང་གི་དངོས་པོ་ (10a1) རྣམས་ཀྱི་སྐྱེ་བ་ནི་ཀླུ་ལས་གཞན་པ་ཐམས་ཅད་ཀྱིས་བདེན་པར་བཏགས་པ་འབའ་ཞིག་ཡིན་ལ། དེ་ནི་བརྟག་པ་འདི་བཞི་ལས་མི་འདའོ། །དེ་ལ་བདག་ལས་སྐྱེ་བ་ནི་གྲངས་ཅན་འདོད་དོ། །གཞན་སྐྱེ་ནི་རང་སྡེའོ། །གཉིས་ཀ་ལས་སྐྱེ་བ་ནི་མཆོད་འོས་པའོ། །རྒྱུ་མེད་ལས་སྐྱེ་བར་ནི་རྒྱང་པན་པའོ། །དེ་བཞི་ཅར་ལས་སྐྱེ་བར་མི་འཐད་དོ་སྙམ་དུ་ངེས་པ་ནི་འཕགས་པ་ཀླུ་གྲུབ་ལ་ (10a2) མངའ་ནས་དམ་བཅའ་མཛད་དོ[། །] བརྒྱ་དཔེའ་བཞིན་བཤད་ན་ཕྱེད་འོག་མ་དང་པོར་ཡོད་དེ། དངོས་པོ་གང་དག་གང་ན་ཡང་། ། སྐྱེ་བ་ནམ་ཡང་ཡོད་པ་ནི། ། བདག་ལས་མ་ཡིན་གཞན་ལས་མིན། ། གཉིས་ལས་མ་ཡིན་རྒྱུ་མེད་མིན། ། ཞེས་འབྱུང་ངོ་། ། ཅོག་རོས་རྒྱ་དཔེའ་ལ་གོ་རིམས་བསྣོར་ཏེ། བསྒྱུར་བ་འདི་མ་ལེགས་ཏེ། ཕྱེད་དང་པོས་ཐེ་ཙོམ་འབའ་ཞིག་ལས་མི་སྐྱེད་པ་འམ། ཡང་ན་ (10a3) བཟློས་པར་ཐལ་ལོ། །འདི་ལྟར་བདག་ལས་མ་ཡིན་ཅེས་པའི་སྒྲ་དེས་ཅི་བདག་ལས་མ་ཡིན་སྙམ་པའི་བློ་ཞིག་སྐྱེད་ཀྱི། འདི་བདག་ལས་མ་ཡིན་སྙམ་དུ་ངེས་པའི་བློ་མི་སྐྱེད་པའི་ཕྱིར་རོ། །དེ་བཞིན་དུ་གཞན་ལས་མིན་དང་གསུམ་པོས་ཀྱང་ཐེ་ཙོམ་ལས་ངེས་པ་མི་འདྲེན་པས་གཞུང་བཀོད་པ་དོན་མྱེད་དེ། ཐེ་ཙོམ་བཀོད་པ་མ་བྱས་པ་ནས་གནས་པའི་ཕྱིར་རོ། །ཅི་སྟེ་ཉེས་པ་དེ་མེད་དེ་སྐབས་ཀྱིས་ངེས་པ་ (10a4) སྐྱེད་དོ། །འདི་ལྟར་བདག་ལས་མ་ཡིན་ཅེས་པས་དངོས་པོ་རྣམས་ཀྱི་སྐྱེ་བ་བདག་ལས་མ་ཡིན་ཅེས་གོ་སྟེ། སྐབས་ཀྱི་སྤྱི་སྒྲ་བྱེ་བྲག་ལ་འཇུག་པའི་ཕྱིར་རོ། །དེ་བཞིན་དུ་ལྷག་མ་གསུམ་ལ་ཡང་ངོ་ཟེར་ན། འོ་ན་ཕྱེད་སྔ་ཕྱི་གཉིས་བཟློས་པར་འགྱུར་ཏེ་ཕྱེད་དང་པོས་ཀྱང་སྐྱེ་བ་མེད་ཅེས་བསྟན། འོག་མས་ཀྱང་དེ་ཉིད་བརྗོད་པའི་ཕྱིར་ལྡབས་སོ། །དེ་ཉིད་ཀྱི་ཕྱིར་རྒྱ་དཔེའ་ཇི་བཞིན་དུ་སྒྱུར་ན་ (10a5) ལེགས་སྐད། རྐང་པ་བཞི་པའི་མ་ཡིན་ཅེས་པ་རྒྱ་དཔེའ་ལ་མེད་དེ། ཅོག་རོ་འམ་དེ་བས་སྔ་བ་ཅིག་གིས་བླ་སྐྱེས་སུ་བཅུག་པའོ། །རྒྱ་དཔེའ་ལ་ནི་མིན་གཉིས་མ་ཡིན་གཉིས་ཏེ་བཞི་ལས་མེད་དོ། ། ཐོག་མར་བདག་སྐྱེ་འགོག་པ་ལ་སྦྱར་ན་འདི་ལྟ་སྟེ། ངང་དོན་ དངོས་པོ་གང་དག་གང་ན་ཡང་། ། སྐྱེ་བ་ནམ་ཡང་ཡོད་པ་ལྷ། ། བདག་ལས་མ་ཡིན་ཅེས་སྦྱར་རོ། ། དངོས་པོ་གང་དག་ཅེས་པའི་སྒྲས་སྐྱེ་ (10a6) བ་པོ་རྟེན་པ་བཟུང་སྟེ། །སྐྱེ་ལྡན་མྱུ་གུ་ལསོགས་པ་བསྟན་ཏོ། །གང་ན་ཡང་ཅེས་པས་རྟེན་ཡུལ་དང་གྲུབ་མཐའ་བསྟན་ཏེ། མྱུ་གུ་ལསོགས་པ་ཡུལ་ས་གཞི་ལ་བརྟེན་ནས་སྐྱེ་བ་ཡུལ་རྟེན་མྱུ་གུ་རྟེན་པའོ། །དེ་བཞིན་དུ་སྒྲོ་འདོགས་ཀྱང་གྲུབ་མཐའ་ངན་པ་ལས་སྐྱེ་བའོ། །སྐྱེ་བ་ནི་སྐྱེ་བའི་བྱ་བ་ལ་བརྗོད་དོ། །ནམ་ཡང་ནི་དུས་ཏེ་དངོས་པོ་རྣམས་ཀྱི་སྐྱེ་བ་དུས་ནམ་ཡང་མེད་དེ། (10a7) འདས་པ་ན་ཡང་མེད་མ་འོངས་པ་དང་ད་ལྟར་ཡང་མེད་ཅེས་པའོ། །དབུའ་མ་ལ་འཇུག་པ་ལས་ཡོད་ཅེས་པ་འདི་དངོས་སུ་སྨོས་མི་དགོས་ཏེ་དོན་གྱིས་གྲུབ་པའི་ཕྱིར་རོ། །འདི་ལྟར་ དངོས་པོ་གང་དག་གང་ན་ཡང་། ། སྐྱེ་བ་ནམ་ཡང་བདག་ལས་མིན་ ཅེས་བརྗོད་པ་ན། དངོས་པོ་རྣམས་ཀྱི་སྐྱེ་བ་ནམ་ཡང་ཡོད་པ་ནི། །བདག་ལས་མ་ཡིན་ཅེས་ཡོད་པ་དགག་པ་ཤུགས་ལས་གྲུབ་པའི་ཕྱིར་རོ། ། གལ་ཏེ་བདག་ལས་སྐྱེ་བ་ (10a8) མ་ཡིན་པ་ཁོ་ན་ཞེས་སོ། །བདག་ཁོ་ན་ལས་སྐྱེ་བ་མ་ཡིན་ཞེས་ངེས་གཟུང་གི་དོན་མ་ཡིན་ནམ། །དེ་ལྟ་ན་དེས་གཞན་སྐྱེ་འཕངས་པས་སྐྱེ་མྱེད་ཀྱི་དམ་བཅའ་ཉམས་སོ། །འདི་ལྟར་བདག་ཁོ་ན་ལས་མི་སྐྱེ་ཅེས་པའི་སྒྲ་དེས་གཞན་ལས་སྐྱེ་བ་སྒྲུབས་སོ་ཅེ་ན། མ་ཡིན་ཏེ་མ་ཡིན་དགག་གིས་རྒོལ་བ་ལ་མེད་པར་དགག་པས་ལན་འདེབས་པར་འགྱུར་རོ། །བདག་སྐྱེ་འགོག་པ་ལ་སྦྱར་བ་དེས་ (10b1) གཞན་སྐྱེ་ལསོགས་པ་ཡང་གོ་སྟེ། ། དངོས་པོ་གང་དག་གང་ན་ཡང་། ། སྐྱེ་བ་ནམ་ཡང་ཡོད་པ་ལྷ། ། རྒྱུ་མེད་མིན་ ཅེས་སྦྱར་རོ། །བཤད་པ་ནི་སྔ་མ་ཉིད་དོ། ། དེ་ལྟར་ན་རྩ་བའི་དམ་བཅའ་ཞེས་པ་ཡང་ཐ་སྙད་ཙམ་ཡིན་ཏེ། །དམ་བཅའི་མཚན་ཉིད་ངོ་བོ་ཁོ་ན་འདོད་པ་བདག་ཉིད་མ་བསལ་བ་ཅེས་པ་མཚན་ཉིད་ལྔ་ལྡན་ལྟ་བུ་མ་ཡིན་ནོ། །གལ་ཏེ་འདོད་དམ་བཅའ་ཅེས་པ་མིང་ཙམ་དུ་འདོད་ཀྱང་ (10b2) དངོས་པོ་ལ་དམ་བཅའ་རྣལ་མར་གྲུབ་སྟེ། སྐྱེ་བ་བཀག་པས་སྐྱེ་མྱེད་གྲུབ་པར་འགྱུར་ཏེ། སྐྱེ་བ་དང་སྐྱེ་མེད་གཉིས་རྣམ་གཅོད་ཡོངས་གཅོད་ཡིན་པའི་ཕྱིར་དང་། དངོས་འགལ་གྱི་ལུགས་ཀྱིས་ཅིག་བཀག་པ་ཅིག་གི་སྒྲུབ་བྱེད་དུ་སོང་པའི་ཕྱིར་རོ། །དེ་ལྟར་ན་ཤུགས་ལ་སྐྱེ་བ་མེད་པ་ཞེས་བྱ་བའི་དམ་བཅའ་གྲུབ་པོ་ཅེ་ན། །བརྗོད་པ་སྐྱོན་དེ་ནི་མེད་དེ། །ཁོ་བོ་ཅག་གིས་མ་བརྟགས་པའི་སྐྱེ་བ་བཀག་ན། (10b3) སྐྱེ་མེད་དེ་གྲུབ་པར་ཐལ་བ་བདེན་མོད་ཀྱི། ཁོ་བོ་ཅག་ནི་བཏགས་པའི་སྐྱེ་བ་འགོག་པས་མ་དཔྱད་པའི་སྐྱེ་མྱེད་གྲུབ་པར་མི་འགྱུར་ཏེ། བརྟགས་པའི་སྐྱེ་བ་དང་མ་བརྟགས་པའི་སྐྱེ་མེད་གཉིས་དངོས་འགལ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་ཉེས་པ་དེ་མེད་མོད་ཀྱི་འོན་ཀྱང་སྐྱེ་བ་བརྟགས་པ་བཀག་པས་སྐྱེ་མེད་བརྟགས་པ་གྲུབ་པར་ཐལ་ལོ་ཅེ་ན། །མ་ཡིན་ཏེ་སྐྱེ་མེད་ཀུན་བརྟགས་གྲུབ་པས་དམ་བཅའ་གྲུབ་པར་མི་ (10b4) འགྱུར་ཏེ། བཏགས་པའི་སྐྱེ་བ་དང་མ་བརྟགས་པའི་སྐྱེ་མེད་ཀུན་བརྟགས་ནི་མིང་ཉིད་ཡིན་པའི་ཕྱིར་དམ་བཅའི་མཚན་ཉིད་མི་དམྱིགས་སོ། །རྣམ་པ་གཅིག་དུ་ན་སྐྱེ་བ་བཀག་པས་སྐྱེ་མེད་གྲུབ་ཀྱང་དེ་ཙམ་གྱིས་དམ་བཅའ་འགྲུབ་པར་མི་འགྱུར་ཏེ། །དམ་བཅའ་ནི་དོན་སྒྲུབ་བྱར་འདོད་པ་ཡིན་ལ། ཁོ་བོ་ཅག་ནི་སྐྱེ་མེད་སྒྲུབ་བྱར་ཡང་མི་འདོད་པའི་ཕྱིར་རོ། ། འགྲེལ་པའི་བཤད་པ་ཇི་ལྟ་བ། ། (10b5) རྩ་བའི་སྟེང་དུ་བདག་གིས་སྦྱར། ། དེ་ཉིད་ངེས་པར་བྱ་བའི་ཕྱིར། ། འགྲེལ་པ་ཡང་ནི་བཤད་པར་བྱ། ། (16) དེ་ལ་གང་དག་ཞེས་བྱ་བའི་སྒྲ་ནི་རྟེན་པའི་ཚིག་སྟེ་བཤད་བྱའོ། །དེ་བཤད་པ་སུ་དག་ཅེས་པའི་སྒྲའི་རྣམ་གྲངས་ཞེས་པའོ། །སུ་དང་གང་གཉིས་རྣམ་གྲངས་ཡིན། །དག་ནི་དག་ཉིད་དེ། སྤྱིར་གཉིས་ཀྱི་ཚིག་ཡིན་ཡང་རེས་འགའ་མང་པོའི་ཚིག་སུ་ཡང་སྦྱོར་བས་མང་པོའི་ཚིག་གོ ། (10b6) སུ་དག་ནི་མ་ལེགས་ཏེ། སུ་དག་ཅེས་པའི་སྒྲ་དེ་ནི་ལྷ་མི་གཉིས་ཁོ་ན་ལ་འཇུག་གི།དུད་འགྲོ་ལསོགས་པ་ལ་མི་འཇུག་པས་མ་ཁྱབ་པོ། །ཡང་ན་སེམས་ཅན་ལ་འཇུག་ཀྱང་བེམས་པོ་ལ་མི་འཇུག་པས་སོ། །དེས་ན་གང་རྣམས་ཞེས་བྱ་བའི་སྒྲའི་རྣམ་གྲངས་སོ། །ཞེས་བྱས་ན་ལེགས་སོ། ། གང་ན་ཡང་ཅེས་པའི་བཤད་པ་ནི་འགའ་ཞིག་ན་ཡང་ཅེས་པ་སྟེ། ཡུལ་འགའ་ (10b7) ཞིག་ན་ཡང་ཅེས་པའོ། །སྐྱེ་བ་ཅེས་པ་མ་བཤད་དེ། ཁྱད་པར་བརྒྱད་ཀྱི་ཚིག་དོན་དུ་སྐྱེ་བ་བཤད་པ་དང་། ཅིག་པས་ཡང་མི་བཤད་དོ། །དེས་ན་འགྲེལ་པ་མཁན་མཁས་སོ། །ནམ་ཡང་ནི་བཞར་ཡང་ཞེས་པ་སྟེ་བཤད་པ་དེ་དག་ནི་རྣམ་གྲངས་ཀྱིས་བཤད་པ་ཡིན་ནོ། ། ཚིག་དོན་བཤད་ནས་ངག་དོན་བརྗོད་པ། །དེའི་ཕྱིར་བདག་ལས་དངོས་པོ་གང་དག་གང་ན་ཡང་སྐྱེ་བ་ནམ་ཡང་ཡོད་ (10b8) མ་ཡིན་ནོ། །ཞེས་དེ་ལྟར་སྦྱར་བར་བྱའོ་ཞེས་པའོ། །དེའི་དོན་ནི་རྩ་བར་བཤད་ཟིན་པས་ཡང་མི་སྤྲོའོ། །བདག་སྐྱེའི་ངག་དོན་བསྟན་ནས་ལྷག་མ་གསུམ་ལ་བསྒྲེ་བ་བཤད་པ། དེ་བཞིན་དུ་དམ་བཅའ་གསུམ་པོ་ལ་ཡང་སྦྱར་བར་བྱའོ་ཞེས་པའོ། །དེའི་ཕྱིར་གཞན་ལས་དངོས་པོ་གང་དག་གང་ན་ཡང་སྐྱེ་བ་ནམ་ཡང་ཡོད་པ་མ་ཡིན་ནོ། ཞེས་དེ་ལྟར་སྦྱར་རོ་ཞེས་སོ། །གཉིས་པོ་ལྟར་ཡང་དེ་ལྟར་རོ། ། (11a1) མ་ཡིན་དགག་གིས་བརྒོལ་བ་བརྗོད་པ། གལ་ཏེ་བདག་ཅེས་པ་ལསོགས་པའོ། །དོན་ནི་བདག་ལས་སྐྱེ་བ་མ་ཡིན་པ་ཉིད་དོ་ཞེས་ངེས་བཟུང་བྱས་པས། ཤུགས་ལ་གཞན་ལས་སྐྱེའོ་ཞེས་སྒྲུབས་པའི་ཕྱིར་སྐྱེ་མེད་ཀྱི་དམ་བཅའ་ཉམས་སོ་ཞེས་ཟེར་རོ། །ལན་གྱི་དོན་ནི་མ་ཡིན་དགག་བྱེད་པའི་ངེས་བཟུང་ཡིན་ན་ཁྱོད་བདེན་ཡང་། ཁོ་བོ་ནི་མེད་དགག་བྱེད་ (11a2) པའི་སྒྲ་ཡིན་པས་གཞན་སྐྱེ་མི་འཕེན་ཏེ། བདག་སྐྱེ་བཀག་པ་ཙམ་བརྗོད་པར་འདོད་པའི་ཕྱིར་རོ། ། མེད་དགག་མ་ཡིན་དགག་གཉིས་ཀྱི་ཁྱད་པར་ནི་འདི་ལྟ་སྟེ། སྒྲའི་དབང་དུ་བྱས་ན་ཚིག་འོག་མ་དང་འབྲེལ་བ་དོན་གྱི་དབང་དུ་བྱས་ན་སྒྲུབ་པ་གཙོར་སྟོན་པ་ནི་མ་ཡིན་དགག་སྟེ། རྒྱ་སྐད་ལ་མ་ཡིན་བྲམ་ཟེ་ལ་ཟན་བྱིན་ཅེས་པར་ཡོད་ལ། དེའི་ཚེ་མ་ཡིན་ཅེས་པ་དེ་ཚིག་འོག་མ་ (11a3) བྲམ་ཟེ་དང་འབྲེལ་བས་བྲམ་ཟེ་མ་ཡིན་ཅེས་བྱ་སྟེ། དེ་ལ་ཟན་སྟེར་བ་བཀག་ནས་གཞན་ལ་སྟེར་བ་སྒྲུབ་པས་མ་ཡིན་དགག་གོ ། སྒྲའི་དབང་དུ་བྱས་ན་བྱ་བ་དང་འབྲེལ་བ་དོན་གྱི་དགག་པ་སྟོན་པ་སྟེ་མེད་དགག་སྟེ། དཔེར་ན་ཤིད་ཟན་མི་བཟའ་ཅེས་པ་སྟེ་བཟའ་ཅེས་པ་བྱ་བ་ཡིན། དེ་དང་དགག་ཚིག་མི་གཉིས་སྦྱར་བས་མི་བཟའ་ཅེས་སོ། །དེས་ན་ཤིད་ཟན་ཟ་བ་བཀག་པ་ཙམ་སྒྲུབ་ (11a4) པས་མེད་དགག་གོ ། ཚད་མ་པའི་མེད་དགག་ཀྱང་དབུའ་མ་པ་ལ་ལྟོས་ནས་མ་ཡིན་དགག་དུ་འགྲོ་སྟེ། སྔོན་པོ་བཀག་ནས་བཀག་པའི་ཆོས་ཞིག་ཤུལ་དུ་འདོད་པའོ། །དབུའ་མ་པ་ནི་བཀག་པ་ཡང་མི་འདོད་ཏེ། ཅི་ཡང་མ་ཡིན་པར་འདོད་པའི་ཕྱིར་རོ། །ཆོས་དང་ཆོས་ཅན་གྱི་ཚོགས་དོན་ཡང་མི་འདོད་ཆོས་ཅན་ཡང་མི་འདོད་སྒྲུབ་བྱའི་ཆོས་རང་བཞིན་མེད་རྐྱང་པ་ཡང་མི་འདོད་ཟེར། དམ་བཅའ་བརྗོད་ནས་ད་ནི་འཐད་ (11a5) པ་སྟོན་ཏེ། དམ་བཅའ་བཞི་ཡོད་པས་འཐད་པ་ཡང་བཞིའོ། ། དང་པོ་བདག་སྐྱེ་འགོག་པའི་འཐད་པ་སྦྱར་བ་ལ་གཉིས་ཏེ། ཟླ་གྲགས་རང་ཉིད་ཀྱི་དང་སངས་རྒྱས་སྐྱངས་ཀྱི་འཐད་པ་དགོད་པའོ། ། དང་པོ་བརྗོད་པ། འཐད་པ་གང་གིས་བདག་ལས་སྐྱེ་བར་མི་འགྱུར་བ་དེ་ནི། དབུའ་མ་ལ་འཇུག་པ་ལསོགས་པའི་སྒོ་ནས་ངེས་པར་བྱའོ་ཞེས་སྦྱར་རོ། །དབུའ་མ་ལ་འཇུག་པར་བདག་སྐྱེ་དགག་ (11a6) པའི་འཐད་པ་ལ་ས་གཅོད་བཞི་སྟེ། དེ་ཁོ་ན་ཉིད་དུ་དགག་པ་དང་། ཀུན་རྫོབ་ཏུ་དང་འཇུག་བསྡུ་བ་དང་། དོན་ཤིན་ཏུ་མ་འབྲེལ་བར་ཐལ་བའོ། །དང་པོ་ལ་ཡང་དོན་མྱེད་དང་། མི་རིགས་པ་གཉིས་སོ། །དོན་ནི་འཇུག་པ་འདིའི་དོན་འགྲེལ་ཡིན་རྩོམ་པ་ཡང་སྔ་བས་བདག་སྐྱེ་གཞན་སྐྱེ་ལསོགས་པ་འགོག་པའི་འཐད་པ་རྒྱས་པར་བཤད། འགྲེལ་པ་འདི་ནི་རྩོམ་པ་ཡང་འཕྱི་ཞིང་ (11a7) ཚིག་འགྲེལ་ཡིན་ཏེ། བདག་གཞན་ལསོགས་པའི་སྐྱེ་བ་འགོག་པའི་འཐད་པ་དེར་བཤད་པས་མི་འཆད་ཀྱི། །འདིར་ནི་འཐད་པ་ཐལ་འགྱུར་ཡིན་པ་དང་། ཐལ་བའི་མིང་ཐོགས་དང་ཐལ་བའི་འགྲོ་ལུགས་འདི་ན་གསལ་བར་སྟོན་ཏེ་འཇུག་པ་ན་དེ་དག་མི་གསལ་ལོ། །དེས་ན་ཅིག་ལ་ཅིག་ཕན་དུ་ཡོད་དོ། ། བསོགས་ཀྱིས་སངས་རྒྱས་སྐྱངས་ཀྱི་འཐད་པ་བསྡུས་ཏེ། (11a8) ཀླུས་འཐད་པ་བཤད་པ་ཙམ་མེད་གསུང་། །དེ་ནི་མི་འཐད་དེ་དེའི་འཐད་པ་གཞུང་ཉིད་ནས་གསལ་བར་བཀོད་པས་བསྡུ་བ་དོན་མེད་དོ། །དེས་ན་བསོགས་ཀྱིས་བསྡུ་བྱ་ནི་ཀླུ་ཉིད་ཀྱིས་བརྗོད་པ་འམ་དབུའ་མ་མཁན་གཞན་གྱིས་བཀོད་པའོ། ། འཇུག་པ་ནས་ཇི་ལྟར་གསུངས་སྙམ་ན། འགལ་བ་བརྗོད་པའི་ཐལ་བ་གཉིས་ལས་དང་པོ་དོན་མེད་བཤད་པ། དེ་ལས་དེ་ནི་འབྱུང་ན་ཡོན་ཏན་ (11b1) འགའ་ཡང་ཡོད་མ་ཡིན་ ཅེས་པས་དོན་མྱེད་བསྟན་ཏོ། །དེ་ལས་ནི་ཡོད་པ་དེ་ལས་སོ། །དེ་ནི་མྱུ་གུའོ། །ཡོན་ཏན་ནི་དགོས་པ་འམ་དོན་ཡིན། མ་ཡིན་ཅེས་པས་དེ་བཀག་པའོ། །དོན་འདི་ཡིན་ཏེ་གྲངས་ཅན་བདག་སྐྱེ་འདོད་པ་དེ་ལག་པ་ནས་བཟུང་ལ་འདི་སྐད་དྲི་བར་བྱ་སྟེ། ཁྱོད་རྒྱུ་འབྲས་ངོ་བོ་གཅིག་པར་འདོད་དམ་མི་འདོད་ཅེས་བྱ། ངོ་བོ་ཐ་དད་ན་གཞན་སྐྱེར་འགྲོ་སྟེ་ངོ་བོ་ (11b2) གཞན་ལས་གཞན་སྐྱེ་བའི་ཕྱིར་རོ། །ཉེས་པ་དེས་འཇིགས་ནས་ངོ་བོ་ཅིག་ཅེས་ཁས་མི་བླང་པའི་ཐབས་མེད་དོ། །དེས་གཅིག་ཅེས་ཁས་བླངས་པ་ཡིན་པས་ཡང་འདི་སྐད་དྲི་བར་བྱ་སྟེ། རྒྱུ་དེ་ཡོད་པ་ཡིན་ནམ་མེད་ཅེས་བྱ། མེད་པ་སྔར་ནུས་མེད་ཕྱིར་དང་ཅེས་པའི་རིགས་པས་ན་མྱེད་པ་སྐྱེད་དུ་འགལ་བའི་ཕྱིར་ཡོད་ཅེས་འདོད་དོ། །དེའི་ཚེ་ཡང་རྒྱུའི་དུས་ན་འབྲས་བུ་ཡོད་དམ་མེད་ཅེས་དྲིའོ། ། (11b3) རྒྱུ་ཡོད་ཀྱང་འབྲས་བུ་མྱེད་ན་རྒྱུ་འབྲས་ངོ་བོ་ཅིག་པར་ཁས་བླངས་པ་དང་འགལ་བས་ཡོད་ཟེར་དགོས་སོ། །དེ་ལྟར་ཁས་ལེན་དུ་བཅུག་ནས་ད་སྡོད་འཐད་པ་བརྗོད་དེ། ཡོད་པའི་ཕྱིར་དོན་མྱེད་ཐུག་མྱེད་དུ་ཐལ། དོན་བཅས་ཐུག་བཅས་སུ་འདོད་པའི་ཕྱིར་ཡོད་པ་སྐྱེ་བ་མ་ཡིན་པར་ཐལ་ཅེས་འགལ་བ་བརྗོད་པས། ཡོད་པ་དང་སྐྱེ་བ་ནི་འགལ་བར་འདོད་པས་བདག་གིས་འགལ་བ་ཁས་བླངས་ཏེ་འདུག་ (11b4) གོ་སྙམ་ནས་རྟོག་པ་བཟློག་གོ །ཕ་རོལ་པོའི་སྒྲོ་འདོགས་ལོག་པ་དེ་ཙམ་དབུ་མ་པ་འདིའི་དཔྱད་པ་བྱས་པའི་འབྲས་བུ་ཡིན་ཏེ། སོ་སོའི་སྐྱེ་བོ་རྣམས་ནི་རྟོག་པས་བཅིངས། ། མི་རྟོག་རྣལ་འབྱོར་པ་ནི་གྲོལ་འགྱུར་ཏེ། ། རྟོག་རྣམས་ལོག་པར་གྱུར་པ་གང་ཡིན་དེ། ། རྣམ་པར་དཔྱད་པའི་འབྲས་བུར་མཁས་རྣམས་གསུང་། ཞེས་སོ། །བདག་ལྟར་ན་རྒྱུ་འབྲས་ངོ་བོ་ཅིག་པར་ཁས་ (11b5) བླངས་ཕན་ཆད་རྒྱུ་ཡོད་དམ་མེད་རྒྱུའི་དུས་ན་འབྲས་བུ་ཡོད་དམ་མེད་ཅེས་པའི་དྲི་བ་བྱ་མི་དགོས་ཏེ། རྒྱུ་མེད་ན་ངོ་བོ་ཅིག་པ་འགལ་བས་ཡོད་པར་དོན་གྱིས་ཁས་བླངས་ཟིན། རྒྱུ་ཡོད་དུས་ན་འབྲས་བུ་མེད་ན་ཡང་ཡོད་མེད་ངོ་བོ་ཅིག་པར་འགལ་བས་རྒྱུ་ཡོད་དུས་སུ་འབྲས་བུ་ཡང་ཡོད་པར་དོན་གྱིས་ཁས་བླངས་པའི་ཕྱིར་རོ། ། འཐད་པ་གཉིས་པ་བརྗོད་པ། སྐྱེས་པར་གྱུར་པ་སླར་ཡང་སྐྱེ་བར་ (11b6) རིགས་པ་འང་མ་ཡིན་ཉིད་ ཅེས་པ་སྟེ་དམ་བཅའ་ཙམ་མོ། །སྐྱེས་པར་གྱུར་པ་ནི་མྱུ་གུ་སྔོན་པོ་ལན་ཅིག་སྐྱེས་པ་དེའོ། །སླར་ཡང་ནི་ལན་གཉིས་པ་གསུམ་པ་ལསོགས་པར་སྐྱེ་བའོ། །དེ་ནི་རིགས་པ་མ་ཡིན་ཏེ་གྲགས་པ་དང་འགལ་བ་དང་མ་གྲགས་པ་ཐོབ་པ་དང་། རྒྱུ་འབྲས་ངོ་བོ་འཆོལ་བ་དང་། རྟོགས་པ་མཚུངས་པར་ཐལ་བ་སྟེ་འཆད་པ་བཞི་འཆད་དོ། ། (11b7) དང་པོ་གཉིས་ཀྱིས་ཡོད་པ་རྒྱུ་མཚན་དུ་བྱས་ནས་བདག་སྐྱེ་འགོག །ཕྱི་མ་གཉིས་ཀྱིས་ཐ་མི་དད་རྒྱུ་མཚན་དུ་བྱས་ནས་འགོག་གོ ། འཆོལ་བར་ཐལ་བ་ནི་འདི་ཡིན་ཏེ་རྒྱུ་འབྲས་ངོ་བོ་ཅིག་ན་རྒྱུ་ལ་ཡོད་པའི་ཁ་དོག་དྲི་རོ་རེག་པའི་དབྱིབས་རྣམས་འབྲས་བུ་ལ་ཡང་ཡོད་པར་ཐལ། རྒྱུ་འབྲས་ཐ་མི་དད་པའི་ཕྱིར་རོ། །ཐལ་བ་ལས་རྒྱུ་ལ་ཡོད་པའི་ཆོས་དེ་དག་འབྲས་བུ་ལ་ཡོད་ (11b8) པར་ཁྱོད་རང་མི་འདོད་པས་ཐ་མི་དད་དུ་ཁས་མ་ལེན། རྟོགས་པ་མཚུངས་པ་ནི་འབྲས་བུ་འཛིན་པའི་ཤེས་པ་དེས་སྔར་གྱི་རྒྱུ་ཡང་འཛིན་པར་ཐལ། ཐ་མི་དད་པའི་ཕྱིར་རོ། ། གཉིས་པ་སངས་རྒྱས་སྐྱངས་ཀྱི་འཐད་པ་བརྗོད་པ། སློབ་དཔོན་སངས་རྒྱས་སྐྱངས་ཀྱིས་ཀྱང་གསུངས་སོ་ཞེས་སྦྱར་རོ། །བདག་གཞན་གྱི་སྐྱེ་བ་འགོག་པའི་རིགས་པ་ནི་འདིས་ཀྱང་བཤད་དེ། ངག་ཚོ་འདི་ལེགས་ (12a1) ལྡན་གྱིས་མ་གོ་ནས་སུན་འབྱིན་བྱས། ཟླ་བས་ཀླུའི་དགོངས་པ་ཡང་འདི་ཉིད་ལྟར་ཡིན་པར་མཁྱེན་ནས་ལེགས་ལྡན་གྱི་སྐྱོན་སྤོང་འབྱེད། །དེ་ལ་སུན་འབྱིན་བྱེད་དེ། ངག་འདི་བཤད་གཞིར་བྱས་ནས་ཐལ་འགྱུར་གྱི་རྣམ་གཞག་ཐམས་ཅད་འཆའོ། །ངག་འདིས་འགལ་བ་བརྗོད་པའི་ཐལ་བ་དང་། གཞན་གྲགས་གཉིས་བསྟན་ཏོ། ། འགལ་བརྗོད་ཀྱི་ཚུལ་བཤད་པ། (12a2) དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་དེ། ལྟར་སྣང་བཀག་པའི་དམ་བཅའ་སྟེ། དངོས་པོ་རྣམས་བདག་ལས་སྐྱེ་བ་བཀག་པ་ཙམ་དམ་བཅའི་ཐ་སྙད་དུ་བྱེད་པའོ། །བཟློག་པ་ལ་གནོད་པ་གཏོང་བ་ནི་དེ་དག་གི་སྐྱེ་བ་དོན་མྱེད་པ་ཉིད་དུ་འགྱུར་བའི་ཕྱིར་དང་ཅེས་པ་སྟེ། དོན་མྱེད་དུ་ཐལ་བ་བསྟན་ཏེ་སྔར་བཤད་པ་དེ་ཉིད་དོ། །དེ་དག་ཅེས་པ་མིང་ཐམས་ཅད་པ་ཡིན་ཡང་ཡོད་པ་ལ་འཇུག་སྟེ། (12a3) རྒྱས་པའི་ངག་གིས་ཤེས་ཏེ། དངོས་པོ་བདག་གི་བདག་ཉིད་དུ་ཡོད་པ་རྣམས་ཅེས་པས་དེ་དག་ཡོད་པ་ལ་འཇུག་པ་གྲུབ་བོ། །དེས་ན་ཡོད་པ་དེ་དག་གི་སྐྱེ་བ་དོན་མེད་པ་ཉིད་དུ་ཐལ་ཅེས་པའོ། །ཕྱིར་ཅེས་པ་ད་ལྟ་མི་དགོས་ཏེ། ཐལ་བའི་སྒྲུབ་བྱ་འདི་བཟློག་པ་རྣལ་མ་སྟོན་པ་ན་འཐད་པར་སྦྱར་འདོད་པའི་ཆེད་དུ་ཐལ་བའི་སྒྲུབ་བྱ་ལ་ཕྱིར་བཅུག་པའོ། །དེ་ལྟར་ལེགས་ལྡན་ (12a4) གྱིས་མ་ཤེས་པས་སུན་འབྱིན་བྱས་ཏེ། སྒྲུབ་བྱ་ལ་ཕྱིར་སྦྱར་བ་ཐལ་བའི་ཧེ་དུ་ཡིན་སྙམ་མོ། །ཐུག་མེད་བརྗོད་པ་ཤིན་དུ་ཐལ་བར་འགྱུར་བའི་ཕྱིར་རོ་ཞེས་པས་སྟེ། འདི་ཐལ་བའི་སྒྲུབ་བྱ་ལ་ཕྱིར་བཅུག་པ་ཡང་རྣལ་མ་ལ་འཐད་པར་བཏང་འདོད་པའོ། །ཤིན་ཏུ་ཐལ་བ་ནི་འབྲས་བུ་ཅིག་ཡང་ཡང་སྐྱེ་བར་ཐལ་ཅེས་པས་སྟེ་ཐུག་མྱེད་དོ། །བདག་ལས་སྐྱེ་ན་རྒྱུ་འབྲས་ (12a5) ངོ་བོ་ཅིག་དགོས་ཏེ། ས་བོན་དང་མྱུ་གུ་གཉིས་གཅིག་སྟེ་མྱུ་གུ་ཉིད་ས་བོན་ཡིན། །ས་བོན་ཡང་མྱུ་གུ་ཉིད་དོ། །དེས་ན་ས་བོན་ཉིད་ཡང་ཡང་སྐྱེ་བར་ཐལ་བའོ། །ཚིག་དེ་གཉིས་ནི་མདོར་གཞག་གི་ངག་ཡིན་ནོ། ། རྒྱས་པའི་ངག་བཤད་པ། དངོས་པོ་བདག་གི་བདག་ཉིད་དུ་ཡོད་པ་རྣམས་ནི་ཡང་སྐྱེ་བ་ལ་དགོས་པ་མེད་དོ། ཅེས་པས་ཚིག་དང་པོ་བཤད། །ཅི་སྟེ་ཡོད་ཀྱང་སྐྱེ་ན་ (12a6) ནམ་ཡང་མྱི་སྐྱེ་བར་མི་འགྱུར་རོ། །ཞེས་པས་གཉིས་པ་ཐུག་མེད་དུ་ཐལ་བ་རྒྱས་པར་བསྟན་ཏོ། །ངག་ཚོ་དེས་འགལ་བརྗོད་བསྟན་ཏེ་འགལ་བ་བརྗོད་ལུགས་ནི་འོག་ཏུ་བསྟན་པར་བྱའོ། ། དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་དེ། དེ་དག་གི་སྐྱེ་བ་དོན་མེད་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ་ཅེས་པ་འོག་ནས་འབྱུང་ལ། འདིས་གཞན་ལ་གྲགས་པའི་རྗེས་དཔག་བསྟན་ (12a7) ཏེ། ཚིག་ཡན་ལག་ལྔ་པ་སྟེ་སྐབས་ཇི་ལྟ་བར་བསྟན་པར་བྱའོ། །ཡོད་ཀྱང་སྐྱེ་བ་དོན་ཡོད་ན་ཅི་སྟོ་སྙམ་ན། ཁྱབ་པ་སྒྲུབ་པ་ནི་ཤིན་ཏུ་ཐལ་བར་འགྱུར་བའི་ཕྱིར་རོ་ཅེས་པ་སྟེ། གང་ཡོད་པ་ལ་སྐྱེ་བ་དོན་མྱེད་ཀྱིས་ཁྱབ་སྟེ། ཁྱོད་རང་མངོན་པར་གསལ་བའི་བུམ་པ་ཡང་སྐྱེ་བ་དོན་མྱེད་པར་འདོད་པ་བཞིན་ནོ། ཞེས་ཕ་རོལ་པོ་ཁོ་ན་ལ་གྲུབ་པའོ། ། (12a8) འཐད་པ་སྦྱར་ནས་ད་ནི་ལེགས་ལྡན་གྱིས་འཐད་པ་དེ་འགོག་པའི་ལུགས་བརྗོད་པས། འདི་ལ་ཁ་ཅིག་གིས་སྐྱོན་སྨྲ་སྟེ་ཞེས་སྦྱར་རོ། །ཇི་སྐད་སྨྲ་ན། སངས་རྒྱས་སྐྱངས་ཀྱི་ངག་ཚོ་འདི་ཆོས་ཅན། དེ་ནི་རིགས་པ་མ་ཡིན་ཏེ། ཧེ་དུ་དང་དཔེའ་མ་བརྗོད་པའི་ཕྱིར་རོ་དང་ཅེས་སྨོས་སོ། །དེ་ནི་རིགས་པ་མ་ཡིན་ཏེ་ནས་འགལ་བར་འགྱུར་རོ་ཅེས་པའི་བར་གྱི་གཞུང་ (12b1) འདི་ནི་ལེགས་ལྡན་རང་གིས་བྱས་པའི་ཤེས་རབ་སྒྲོན་མའི་ཚིག་གོ །དོན་འདི་ཡིན་ཏེ་ལེགས་ལྡན་བྱེད་ན་རེ་སྐྱངས་ཀྱི་ངག་ཚོ་འདི་བདག་སྐྱེ་འགོག་པའི་རང་རྒྱུད་ཀྱི་འཐད་པར་མི་འོང་སྟེ། འཐད་པ་ཡིན་པ་ལ་རྒོལ་ཕྱིར་རྒོལ་གཉིས་ཀ་ལ་གྲུབ་པའི་ཧེ་དུ་ཞིག་བརྗོད་དགོས། གཉིས་ཀ་ལ་གྲུབ་པའི་དཔེའ་སྐྱོན་དགུ་དང་བྲལ་བ་ཞིག་བརྗོད་དགོས་པ་ལས་ཧེ་དུ་དང་དཔེའ་མ་བརྗོད་པའི་ (12b2) ཕྱིར་ཅེས་ཟེར་རོ། །སངས་རྒྱས་སྐྱངས་ན་རེ་ཧེ་དུ་དང་དཔེའ་བརྗོད་པས་འཐད་པ་ཡིན་ཟེར་བ་ལ་བཤད་པ། །གཞན་གྱིས་སྨྲས་པའི་ཉེས་པ་མ་བསལ་བའི་ཕྱིར་རོ། །གཞན་ནི་གྲངས་ཅན་ཏེ་ཧེ་དུ་དང་དཔེའ་བརྗོད་ན་དེས་སྐྱོན་བརྗོད་པ་ཡང་དགོས་པ་ལས་མ་སྤངས་ཏེ། གྲངས་ཅན་ན་རེ་ཡོད་པའི་ཧེ་དུ་དེ་རྒྱུར་ཡོད་དམ་འབྲས་བུར་ཡོད། །གཉིས་ཀ་ལྟར་ན་གྲུབ་སྒྲུབ་དང་འགལ་ (12b3) བར་སོང་ཟེར་བ་ལ་ལན་མ་བཏབ་པའི་ཕྱིར་རོ། །ངས་ནི་ལན་བཏབ་ཏེ་ཁོའི་བརྟག་པ་དེ་ལ་འདི་སྐད་བྱ་སྟེ། ང་རྒྱུར་ཡོད་ཀྱང་མི་ཟེར་འབྲས་བུར་ཡོད་ཀྱང་མི་ཟེར་ཏེ་ཡོད་པ་ཙམ་ཡིན་པའི་ཕྱིར་ཞེས་ཧེ་དུར་གཏོང་ཞེས་སོ། །དེ་ལྟར་ན་རང་རྒྱུད་ཀྱི་ཧེ་དུ་དང་དཔེའ་མ་བརྗོད་པའི་ཕྱིར་དང་། ངས་ཉེས་པ་བསལ་བ་བཞིན་མ་བསལ་བའི་ཕྱིར་འཐད་པ་མ་ཡིན་ཅེས་པ་ནི་སུན་ (12b4) འབྱིན་གྱི་ཧེ་དུ་དང་པོ་དང་གཉིས་པ་ཡིན་ནོ། །གཞན་ཡང་སྐྱངས་ན་རེ་ངའི་ངག་ཚོ་འདི་ཐལ་འགྱུར་ཡིན་པས་ཧེ་དུ་དང་དཔེའ་མ་བརྗོད་ཀྱང་འཐད་པར་འགྲོ་ཟེར་ན། ཐལ་འགྱུར་དུ་བྱས་ན་ཡང་དམ་བཅའ་ཉམས་པའི་སྐྱོན་ཡོད་ཅེས་བརྗོད་པ། ཐལ་བར་འགྱུར་བའི་ཚིག་ཡིན་པའི་ཕྱིར་ཅེས་པ་ལསོགས་པའོ། ། ཤེས་རབ་སྒྲོན་མ་ན་གླགས་དང་བཅས་པའི་ཚིག་ཡིན་པའི་ཕྱིར་ (12b5) ཅེས་ཅོག་རོས་དེ་ལྟར་བསྒྱུར། དེ་མ་ཤེས་པའོ། །པྲ་སམ་གྷ་ཅེས་པ་གླགས་སམ་ཞར་བྱུང་ལ་ཡང་འགྲོ་མོད་ཀྱི་ཐལ་འགྱུར་ལེགས་སོ། །སྐབས་དོན་ནི་ཐལ་འགྱུར་ཉིད་དོ། །བཟློག་པ་ནི་ཐལ་འགྱུར་ཉིད་བཟློག་པའོ། ། བཟློག་ལུགས་ནི་པན་པི་ཏ་འདི་སྐད་དེ། །དངོས་པོ་རྣམས་བདག་ལས་སྐྱེ་བ་མྱེད་དེ། ཅེས་པ་འདི་ལེགས་ཀྱིས་ཐལ་བའི་སྒྲུབ་བྱ་ཡིན་པར་གོ་སྟེ་ (12b6) བདག་ལས་སྐྱེ་བ་མེད་པར་ཐལ་ཅེས་ཟེར་བར་རིག་གོ །དེས་ན་སྒྲུབ་པར་བྱ་བ་དེ་ཡིན་ལ། དེ་བཟློག་པ་ནི་འདི་ལྟ་སྟེ། བདག་ལས་བཟློག་པ་གཞན་ནོ། །སྐྱེ་མེད་ལས་བཟློག་པ་ནི་སྐྱེ་བའོ། །དེས་ན་གཞན་ལས་སྐྱེ་ཅེས་པར་སོང་ངོ་། །ཐལ་བའི་སྒྲུབ་བྱ་གཉིས་པོ་ལ་ཕྱིར་ཡོད་པས་ཧེ་དུར་གོ་སྟེ། དེ་བཟློག་པ་ནི་སྐྱེ་བ་དོན་བཅས་དང་ཐུག་ (12b7) བཅས་སོ། །དེ་ལྟར་ན་གཞན་ལས་སྐྱེ་བ་ཡོད་ཅིང་སྐྱེ་བ་དེ་དོན་ཡོད་ཐུག་པ་དང་བཅས་ཅེས་པ་ངག་དེ་དག་གིས་སྒྲུབས་པས་གཞན་སྐྱེ་གྲུབ་པར་བརྗོད། སྐྱེ་བ་བྱུང་པས་སྐྱེ་མེད་ཀྱི་དམ་བཅའ་ཉམས་སོ་ཞེས་སྨྲའོ། །དེའི་ཆོས་ནི་ཧེ་དུའོ། །བཟློག་པ་ནི་དོན་བཅས་ཐུག་བཅས་སོ། །དངོས་པོ་རྣམས་གཞན་ལས་སྐྱེ་བར་འགྱུར་བ་དང་ཅེས་པ་ནི་སྒྲུབ་བྱ་བཟློག་པའོ། ། (12b8) སྐྱེ་བ་འབྲས་བུ་དང་བཅས་པ་ལསོགས་པ་ནི་ཧེ་དུ་གཉིས་བཟློག་པའོ། ། ལོ་ཙ་ལྟར་ན་ཐལ་བ་བཟློག་ལུགས་འདི་ཡིན་ཏེ། གོ་རིམས་ལས་བཟློག་ནས་སྟོན་ཏེ། །སྒྲུབ་བྱ་བཟློག་པ་ནི་དོན་བཅས་ཐུག་བཅས་སོ། །ཧེ་དུ་བདག་ལས་སྐྱེ་བ་མེད་པ་བཟློག་པ་ནི་བདག་གཞན་ལས་སྐྱེ་བ་ཡོད་པའོ། །དེ་ལྟར་ན་ལེགས་ལྡན་དགོལ་བ་བག་ཙམ་རིགས་ཀྱི་པན་བྱི་ཏ་ (13a1) ལྟར་ན་རྒོལ་བ་ཤིན་ཏུ་མི་མཁས་པའོ། ། བདག་གིས་ནི་ཐལ་བ་བཟློག་ལུགས་ཀྱང་པན་པྱི་ཏ་བདེན་སྐྱངས་ཀྱི་ངག་ཚོའི་བཤད་པ་ཡང་འདི་ལྟར་མཐོང་ངོ་། །བཟློག་ལུགས་ལོ་ཙ་ལྟར་ནི་གཞུང་ལ་མི་མངོན་སྟེ། གཞུང་ལས་གཞན་སྐྱེར་བསལ་ལོ། །བདག་གིས་གཞུང་འདིའི་བཤད་པ་འདི་ལྟར་རིག་སྟེ། དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་དེ་ཞེས་པས་འགལ་ (13a2) བརྗོད་ཀྱི་ཐལ་བ་བསྟན་ཏེ། དངོས་པོ་རྣམས་ཅེས་པ་ཆོས་ཅན་ནོ། །བདག་ལས་སྐྱེ་བ་མེད་དེ་ཅེས་པ་སྒྲུབ་བྱ་སྟེ། བདག་ལས་སྐྱེ་བ་མེད་པར་ཐལ་ཅེས་པ་ཐལ་བའི་སྒྲ་མ་མངོན་པའོ། །འདི་ལྟར་གྲངས་ཅན་བདག་སྐྱེ་འདོད་ཅིང་ཡོད་པར་འདོད་པ་ན། དངོས་པོ་རྣམས་ཆོས་ཅན་བདག་ལས་མི་སྐྱེ་བར་ཐལ་ཡོད་པའི་ཕྱིར་ཞེས་སོ། །དེ་ལ་ཁྱབ་པ་མ་གྲུབ་ཅེས་ཟེར་བ་ལ། (13a3) ཁྱབ་སྒྲུབ་ཀྱི་ཡན་ལག་དུ་དོན་མྱེད་ཐུག་མེད་ཀྱི་ཐལ་བ་བརྗོད་པ་ནི། དེ་དག་གི་སྐྱེ་བ་དོན་མྱེད་པ་ཞེས་པ་ལསོགས་པ་མདོར་གཞག་དང་རྒྱས་པའི་ངག་གཉིས་ཏེ་སྔར་དང་འདྲའོ། །དེ་ལྟར་ན་རྩ་བའི་ཐལ་བ་དང་དེའི་ཁྱབ་སྒྲུབ་ཀྱི་ཐལ་བ་གཉིས་ཏེ་གཞུང་ལ་དེ་ལྟར་གསལ་ལོ། །སྔ་མ་ལྟར་བྱས་ན་ཐལ་བའི་སྒྲུབ་བྱ་གསུམ་སྟེ། བདག་ལས་སྐྱེ་བ་མེད་དེ་ཅེས་པ་ཡང་སྒྲུབ་བྱ་ཡིན་ཏེ། དམ་བཅའ་ (13a4) དང་སྒྲུབ་བྱ་དང་ཕྱོགས་ནི་རྣམ་གྲངས་སོ། །དེ་ལྟར་ན་བཟློག་པ་ཡང་སྒྲུབ་བྱ་ཁོ་ན་བཟློག་པ་སྟེ་རྩ་བའི་སྒྲུབ་བྱ་ཅིག་དང་ཁྱབ་སྒྲུབ་བྱ་གཉིས་ཏེ་གསུམ་བཟློག་པའོ། །དེའི་ཆོས་ཞེས་པ་ནི་ཧེ་དུ་ལ་མི་ཟེར་གྱི་ཁྱབ་སྒྲུབ་ཀྱི་ཆོས་སོ། །ཁྱབ་པ་དང་ཧེ་དུ་གཉིས་ཀ་སྒྲུབ་བྱའི་ཆོས་སུ་མཚུངས་པའི་ཕྱིར་རོ། ། བདག་གིས་བཤད་པ་འདི་ཉིད་ནི། ། སྐྱངས་ཀྱི་དགོངས་པ་ཡིན་པར་ངེས། ། ལེགས་ལྡན་ (13a5) ཐལ་བ་བཟློག་ལུགས་ཀྱང་། ། བདག་གིས་བཤད་པ་ཇི་བཞིན་ནོ། ། (17) དེ་འགོག་པ་བརྗོད་ནས་ད་ནི་འགོག་པ་བཟློག་པ་སྟོན་ཏོ། །འདི་ལ་གཉིས་ལས་སྐྱོན་སྤང་པ་བརྗོད་པ། །སྐྱོན་འདི་དག་ཐམས་ཅད་ནི་རིགས་པ་མ་ཡིན་པར་ཁོ་བོ་ཅག་གིས་མཐོང་ངོ་ཞེས་པའོ། །ཁོ་བོ་ཅག་ཅེས་པ་མང་པོའི་ཚིག་ཡིན་པས་ཟླ་གྲགས་འཕགས་པའི་ལྷ་བསྐྱངས་ལསོགས་པ་སྟེ། དེ་དག་གིས་ལེགས་ལྡན་ (13a6) གྱི་སྐྱོན་ཐམས་ཅད་སྐྱོན་ལྟར་སྣང་དུ་མཐོང་པའོ། །ཟླ་གྲགས་གཅིག་པུ་ཡིན་ན་ནི་ཁོ་བོས་མཐོང་ངོ་ཞེས་སྨོས་པས་ཆོག་གོ །སྐབས་འདིར་ཟླ་བས་མདའ་ཅིག་གིས་ཤ་གཉིས་སོད་པའི་ཚུལ་དུ་སྐྱོན་སྤོང་བྱེད་ཅིང་རྣམ་གཞག་དྲུག་འཆའོ། །རྣམ་གཞག་དྲུག་གིས་ནི་གཞན་སུན་འབྱིན་པ་དང་རང་ལུགས་གསལ་པ་གཉིས་བྱེད་དེ། ཐལ་བ་བཞིས་དགག་པ་བྱེད་དབུའ་མ་པ་ལ་དམ་བཅའ་མེད་པ་དང་། (13a7) ཧེ་དུ་མྱེད་པ་གཉིས་ཀྱིས་རང་གཞུང་སྟོན་ཏེ། བདག་སྐྱེ་འགོག་པའི་སྐབས་སུ་རྣམ་གཞག་དྲུག་མཛད་པ་འདི་མཚོན་བྱེད་དུ་བྱས་ལ། གཞན་སྐྱེ་འགོག་པ་ལསོགས་པ་དགག་པ་ཐམས་ཅད་འདི་བཞིན་བྱའོ། ། དེ་ལ་ཐལ་བ་ཞེས་པ་སྲིད་ཚད་བགྲངས་ན་གསུམ་སྟེ། ཕྱོགས་ཆོས་ཁས་བླངས་ཁྱབ་པ་ཚད་མས་གྲུབ་པ་དང་། ཁྱབ་པ་ཁས་བླངས་ཕྱོགས་ཆོས་དངོས་པོ་ལ་གནས་པ་དང་། (13a8) གཉིས་ཀ་ཁས་བླངས་པའོ། །ཆོས་མཆོག་དང་དེའི་ཕྱོགས་སྔ་ཕྱི་གཉིས་དང་ཤང་ཀར་ནན་ཏ་བཞི་ཀས་སྤྱི་དུ་མ་དང་འབྲེལ་བའི་ཕྱིར་དུ་མར་ཐལ་ཅེས་པ་འདི་ཁྱབ་པ་དངོས་པོ་ལ་གནས་པ་ཕྱོགས་ཆོས་ཁས་བླངས་ཀྱི་ཐལ་བར་བྱས་སོ། །སྤྱི་གཅིག་དུ་མ་དུ་མ་དང་འབྲེལ་བ་ནི་ཚད་མས་གྲུབ་པ་མྱེད་ཀྱི་ཕ་རོལ་པོས་ཁས་བླངས་ཙམ་ཡིན་པས་ཕྱོགས་ཆོས་ཁས་བླངས་སོ། །སྤྱི་གཅིག་དུ་མ་དང་འབྲེལ་བ་ནི་ (13b1) དུ་མ་ཡིན་པ་ནི་ཚད་མས་གྲུབ་སྟེ། དཔེར་ན་འཁར་གཞོང་གཅིག་གི་ནང་དུ་རྒྱ་ཤུག་མང་པོ་བླུགས་པའི་ཚེ། རྒྱ་ཤུག་དུ་མ་ཡིན་པས་གཞི་ཡང་དུ་མར་སོང་པ་བཞིན་ནོ། ཐལ་བའི་ངག་དེ་བཀོད་པའི་དགོས་པ་ནི་ཆོས་མཆོག་ན་རེ་བཟློག་པ་རང་རྒྱུད་བསྟན་པའི་ཆེད་ཡིན་ཟེར། བྲམ་ཟེ་ན་རེ་དེ་རང་རྒྱུད་སྟོན་པར་མི་འཐད་ཏེ་ཐལ་བ་བསྟན་པའི་དགོས་པ་ནི་ཆོས་གཉིས་ཀྱི་འབྲེལ་བ་སྟོན་ཅིང་འགལ་བ་ (13b2) བརྗོད་པ་ཙམ་ཡིན་པར་འདོད་དོ། །ཆོས་གཉིས་ཀྱི་འབྲེལ་བ་ནི་འདི་ཡིན་ཏེ་དེ་ལྟར་ཡིན་ན་འདི་ལྟར་འགྱུར་བ་འམ། དེ་ལྟར་མ་ཡིན་ན་འདི་ལྟར་མི་འགྱུར་བ་འམ་ཅེས་པ་སྟེ། གཅིག་ཡིན་ན་གཅིག་འབྲེལ། དུ་མ་ཡིན་ན་དུ་འབྲེལ་དུ་འགྱུར་ཅེས་པའོ། །འམ་ཡོད་པས་འགལ་བ་སྟོན་པར་གསལ་ཏེ་ཐལ་བ་ཡང་ཐལ་བ་ལ་བཟློག་པ་ཡང་ཐལ་བ་ཉིད་དེ། དངོས་སྨྲ་ཡིན་པས་རང་རྒྱུད་འཕེན་པའི་ (13b3) ཐལ་བ་གཅིག་སྤྱིར་ག་ཤེད་གཅིག་ན་ཡོད་ཀྱི་ངག་འདི་རང་རྒྱུད་འཕེན་པའི་ཐལ་བ་མ་ཡིན་ཟེར་རོ། །རང་རྒྱུད་སྟོན་ན་ནི་འམ་མི་འོང་པར་ཁོ་ན་ངེས་བཟུང་འོང་པར་རིགས་སོ་ཞེས་ཤང་ཀར་ནན་ཏ་ཟེར་རོ། །ཐལ་བ་བཟློག་པ་ཡང་རང་རྒྱུད་མ་ཡིན་པར་ཐལ་བ་རང་ཡིན་པར་ནི་ཟླ་གྲགས་དང་བྲམ་ཟེ་གཉིས་མཐུན་ནོ། །དེ་དག་གི་བཤད་པ་རྒྱས་པ་ནི་གཞན་ན་ཡོད་དོ། ། ཟླ་གྲགས་ནི་ཕྱོགས་ཆོས་དང་ (13b4) ཁྱབ་པ་གཉིས་ཀ་ཁས་བླངས་ཀྱི་ཐལ་བ་བཞེད་ཀྱི་གཉིས་པོ་མི་མཛད་དོ། །གལ་ཏེ་ཕ་རོལ་པོས་ཁྱབ་པ་དང་ཕྱོགས་ཆོས་གཉིས་ཀ་ཁས་བླངས་ཟིན་ན་རྒོལ་བའི་བྱེད་པ་དོན་མེད་དེ། དེ་གཉིས་ཤེས་ཟིན་པའི་ཕྱིར་རོ། ། ལུགས་ཀྱིས་ཁྱབ་པ་འམ་ཕྱོགས་ཆོས་གཉིས་ཀ་འམ་གང་རུང་མ་ཤེས་པ་རྒོལ་བས་ཐལ་བའི་ངག་བརྗོད་པས་དྲན་པར་བྱེད་པ་ཡིན་ན། ད་ལྟ་ནི་གཉིས་ཀ་དྲན་ཟིན་པའི་ཕྱིར་ (13b5) ཐལ་བའི་ངག་བརྗོད་པ་དོན་མེད་དུ་ཐལ་ལོ་ཅེ་ན། ལན་སྨྲས་པ། རྒོལ་བའི་བྱེད་པ་དོན་མྱེད་དུ་ཐལ་བ་ནི་མི་འདོད་པ་མ་ཡིན་ཏེ། དབུ་མ་པ་ནི་རྒོལ་བ་མ་ཡིན་པའི་ཕྱིར་རོ། །འདི་ལྟར་རྒོལ་བ་ཞེས་པ་ནི་སྒྲུབ་པ་འགོད་མཁན་ཞིག་ལ་ཟེར་ལ་དབུ་མ་པ་ནི་སྒྲུབ་པའི་ངག་གཏན་མི་འགོད་དེ་སྒྲུབ་བྱ་མེད་པའི་ཕྱིར་རོ། །དེས་ན་སུན་འབྱིན་བྱེད་དམ་ཕྱིར་རྒོལ་འབའ་ (13b6) ཞིག་གོ །ཕྱིར་རྒོལ་དབུའ་མ་པའི་ངག་བརྗོད་པ་དོན་མྱེད་དུ་ཐལ་ཟེར་ན་མི་འཐད་དེ། །ཕྱོགས་ཆོས་དང་ཁྱབ་པ་གཉིས་ཀ་རྒོལ་བས་ཁས་བླངས་ཀྱང་འགལ་བ་ཁས་བླངས་པར་མ་ཤེས་པའི་ཚེ། རྒོལ་བ་རང་གིས་ཤེས་པའི་ཁྱབ་པ་དང་ཕྱོགས་ཆོས་བརྗོད་པའི་སྒོ་ནས་འགལ་བར་ཤེས་ཏེ་སྒྲོ་འདོགས་བཟློག་པའོ། །སྤྱིའི་དོན་ཏོ། ། ཡན་ལག་གི་དོན་བརྗོད་པ་སྐྱོན་སྤོང་ལ་གསུམ་ལས་ (13b7) དང་པོའོ། ། འདི་ལ་གཉིས་ཏེ། ཧེ་དུ་གཉིས་འགལ་བ་དང་། ཧེ་དུ་གཉིས་མ་གྲུབ་པའོ། ། གལ་ཏེ་ཧེ་དུ་གཅིག་གཅིག་འགལ་བའི་ཧེ་དུ་ཡང་ཡིན་ཕྱོགས་ཆོས་གྲུབ་པས་ཁྱབ་པ་མ་གྲུབ་པ་ཡང་ཡིན་ཅེས་པ་ནི་འགལ་བ་ཞིག་གོ་སྙམ་ན། ལྟོས་ས་རང་རྒྱུད་ཐལ་འགྱུར་གཉིས་ལ་ལྟོས་པས་མི་འགལ་ཏེ། རང་རྒྱུད་ཀྱི་ཧེ་དུ་དང་དཔེའ་མ་བརྗོད་པའི་ཕྱིར་འཐད་པ་མ་ཡིན་ཟེར་ན། ཧེ་དུ་འགལ་ཏེ་སྒྲུབ་བྱ་ལས་བཟློག་པས་ཁྱབ་པའི་ཕྱིར་རོ། ། (13b8) སྒྲུབ་བྱ་འཐད་པ་མ་ཡིན་པ་ཡིན་ལ། དེ་ལས་བཟློག་པ་འཐད་པ་ཡིན་པས་ཧེ་དུ་དེ་ལ་ཁྱབ་པའོ། །དེས་ན་ཧེ་དུ་དང་དཔེའ་མ་བརྗོད་པའི་ཕྱིར་ཅེས་པ་གྲུབ་པས་ཕྱོགས་ཆོས་ནི་གྲུབ་པོ། །ཧེ་དུ་ལ་སྒྲུབ་བྱ་ལས་བཟློག་པས་ཁྱབ་པས་ཏེ་ཧེ་དུ་འགལ་བར་སོང་ངོ་། །གལ་ཏེ་རང་རྒྱུད་ཀྱི་དཔེའ་དང་ཧེ་དུ་མི་སྟོན་པ་དང་། དེ་མ་བསྟན་ཡང་འཐད་པར་འགྱུར་བ་ཅིའི་ཕྱིར་ཅེ་ན། (14a1) དང་པོའི་ལན་རང་རྒྱུད་དོན་མྱེད་ནུས་པ་མེད་མི་རིགས་པས་ཧེ་དུ་དང་དཔེའ་མ་བརྗོད། གཉིས་པའི་ལན་འགལ་བ་བརྗོད་པ་ལསོགས་པའི་ཐལ་བས་གཞན་གྱི་སྒྲོ་འདོགས་བཟློག་པས་འཐད་པར་སོང་པའོ། ། གཉིས་པ་ཧེ་དུ་གཉིས་མ་གྲུབ་པར་བསྟན་པ་ནི་གཞན་ལ་གྲགས་པའི་རྗེས་དཔག་གི་ཧེ་དུ་དང་དཔེའ་མ་བརྗོད་ཟེར་ན་ཧེ་དུ་མ་གྲུབ་ཏེ་གཞན་གྲགས་ཀྱི་ཧེ་དུ་དང་དཔེའ་བརྗོད་པའི་ཕྱིར་རོ། །དེ་ལྟར་ན་རང་རྒྱུད་ལ་ལྟོས་ (14a2) ནས་འགལ། གཞན་གྲགས་ལ་ལྟོས་ན་མ་གྲུབ་ཞེས་བརྗོད་པའི་ཕྱིར་ཡུལ་ཐ་དད་པ་ལ་ལྟོས་ནས་འགལ་བ་མེད་དོ། ། འགལ་བ་བཤད་པ་ལ་གསུམ་ལས་ཧེ་དུ་དང་པོ་འགལ་བའི་དོན་ནི་ལེགས་ལྡན་ན་རེ་རང་རྒྱུད་ཀྱི་ཧེ་དུ་དང་དཔེའ་མ་བརྗོད་པའི་ཕྱིར་འཐད་པ་མ་ཡིན་ཟེར་པ་ལ། ཟླ་བས་དེའི་ལན་དུ་ཧེ་དུ་དང་པོ་འགལ་ཏེ་རང་རྒྱུད་ཀྱི་ཧེ་དུ་དང་དཔེའ་མ་བརྗོད་ཀྱང་འཐད་པར་འགྲོ་བས་སོ་ཞེའོ། ། (14a3) དེའི་ནད་ཀ་ནི་སྔར་བཞིན་ཏེ་རང་རྒྱུད་མི་འཐད་ཅིང་ཐལ་པ་འཐད་པར་འགྲོའ་བས་སོ། ། དང་པོ་རང་རྒྱུད་དོན་མྱེད་ཅེས་པའི་ངག་དོན་ནོ། །རང་རྒྱུད་ཀྱི་ཧེ་དུ་དང་དཔེའ་གྲངས་ཅན་ལ་མ་བརྗོད་ཀྱང་འགལ་བ་བརྗོད་པའི་ཐལ་བ་ཕར་ལྡོག་ཚུར་ལྡོག་གིས་བདག་སྐྱེའི་བསྒྲོ་འདོགས་བཟློག་པས་རང་རྒྱུད་དོན་མེད་དེ་མི་དགོས་སོ། །དོན་དེ་ཉིད་གཞུང་གིས་བརྗོད་པ་ཇི་ལྟར་ཞེ་ན། དེ་ལ་རེ་ཤིག་ཧེ་དུ་དང་དཔེའ་མ་བརྗོད་པའི་ཕྱིར་དང་ (14a4) ཞེས་གང་སྨྲས་པ་དེ་ནི་མི་རིགས་སོ་ཞེས་པ་ལསོགས་པའོ། །ཇི་ལྟར་ཞེ་ན་ཅེས་པ་ནི་སྐྱོན་འདི་དག་མི་རིགས་པའི་རྣམ་པ་ཇི་ལྟར་ཡིན་སྟོན་དང་ཅེས་པའོ། །ཚད་མའི་གཞུང་ཡིན་ན་ཅིའི་ཕྱིར་ཞེ་ན་ཞེས་རྒྱུ་མཚན་དྲི་བའོ། །དེ་ལ་ནི་སྐྱོན་བརྗོད་གསུམ་ཡོད་པ་དེ་ལའོ། ། རེ་ཤིག་ནི་རིམ་པ་སྟོན་པ་སྟེ་ལེགས་ལྡན་གྱི་ཉེས་པ་གསུམ་ཡོད་པའི་དང་པོ་ཧེ་དུ་དང་དཔེའ་མ་བརྗོད་པའི་ཕྱིར་ཅེས་པ་ཡིན་ལ། (14a5) དེ་ཐོག་མར་མི་འཐད་པར་སྟོན་པའོ། །ཚིག་དེ་དག་གིས་ནི་ཉེས་པ་དེ་བརྗོད་པར་མི་རིགས་ཅེས་དམ་བཅའ་བསྟན་ཏེ། ད་ནི་མི་རིགས་པའི་རྒྱུ་མཚན་འགལ་བ་བརྗོད་པའི་ཐལ་བ་དང་ཐལ་བ་བཟློག་པར་འཐད་པར་སོང་བས་ཉེས་པ་དེ་བརྗོད་པར་མི་རིགས་ཅེས་གྲུབ་པ་སྟོན་ཏེ། ཅིའི་ཕྱིར་ཞེ་ན་ནས་མཐོང་ལ་ཅེས་པའི་བར་གྱིས་འགལ་བ་བརྗོད་པའི་ཐལ་བ་བརྗོད་དོ། །ཁྱོད་ཀྱིས་ནས་མི་འདོད་དོ་ཅེས་པའི་བར་ (14a6) གྱིས་ཐལ་བ་བཟློག་པ་ཡང་ཐལ་བ་ཉིད་ཡིན་པར་བསྟན་ཏོ། །ཅིའི་ཕྱིར་[ཞེ་]ན་ཉེས་པ་དང་པོ་མི་རིགས་པ་རྒྱུ་མཚན་ཅིའི་ཕྱིར་ཅེས་འདྲི་བའོ། །དེའི་ལན་བརྗོད་པ། གང་གི་ཕྱིར་བདག་ལས་ཞེས་བྱ་བ་ནི་ཡོད་པ་རྒྱུ་ཉིད་དང་དེ་ཉིད་སྐྱེ་བོ་ཞེས་སྨྲས་པ་ཡིན་ལ་ཅེས་པས་གོང་གི་བཀག་པའི་དམ་བཅའ་བཤད་པའོ། །བདག་ལས་ཞེས་པ་ནི་བདག་ལས་ཡོད་པ་སྐྱེ་བའི་ཕྱིར་ཅེས་ཐལ་བའི་ཧེ་ (14a7) དུ་བསྟན་པའོ། །ལྷག་མའི་དོན་ནི་གྲངས་ཅན་བདག་སྐྱེ་འདོད་པ་ན་རྒྱུ་ཡོད་དམ་མེད་ཅེས་དྲིས་པ་ན། མེད་པ་སྔར་ནུས་མེད་ཕྱིར་དང་ཅེས་པས་ཡོད་པའི་ཕྱོགས་འདོད་དོ། །རྒྱུ་འབྲས་བདག་གཅིག་པར་འདོད་པས་རྒྱུ་ལ་འབྲས་བུ་ཉིད་ཡོད་པར་འདོད་པས་དེ་ཉིད་སྐྱེ་བའོ། །བདག་གིས་ཚིག་དུ་དེས་འགལ་བརྗོད་ཀྱི་ཧེ་དུ་གསལ་བར་བྱས་པར་གོ་སྟེ། སྐྱངས་ཀྱི་ངག་གི་དེ་དག་གི་སྐྱེ་བ་ཅེས་པ་དེ་བཤད་ (14a8) པར་རྟོགས་སོ། །ཧེ་དུ་བརྗོད་ནས་ཐལ་བའི་སྒྲུབ་བྱ་གཉིས་བརྗོད་པ། ཡོད་པ་ནི་ཡང་སྐྱེ་བ་དགོས་པ་མེད་པར་མཐོང་ཞིང་ཐུག་པ་མེད་པར་ཡང་འཐོང་ལ་ཅེས་པའོ། །དེས་ནི་སྐྱངས་ཀྱི་སྐྱེ་བ་དོན་མེད་ཐུག་མེད་གཉིས་བཤད་པའོ། །ཡོད་པ་ནི་ཅེས་པ་ཧེ་དུ་རྗེས་སུ་བརྗོད་པའོ། །མཐོང་ཅེས་པ་ནི་གྲངས་ཅན་ཁྱོད་ཀྱིས་མཐོང་ཅེས་བྱའོ། །གཞན་སླའོ། ། ཁྱོད་ཀྱི་སྐྱེས་པ་སླར་སྐྱེ་བར་ (14b1) ཡང་མི་འདོད་ཅིང་འཐུག་པ་མེད་པར་ཡང་མི་འདོད་སྟེ་ཞེས་ཐལ་བ་བཟློག་པ་སྟེ། །ཡོད་པའི་ཕྱིར་དོན་མྱེད་ཐུག་མེད་དུ་ཐལ། ཐལ་བ་ལས་དོན་བཅས་ཐུག་བཅས་སུ་འདོད་པའི་ཕྱིར་ཡོད་པ་མི་སྐྱེ་བར་ཁས་ལོང་ཞེས་པའོ། །འོ་ཅག་གཉིས་ཀ་ལ་དོན་བཅས་ཐུག་བཅས་སུ་གྲུབ་པའི་ཕྱིར་ཅེས་བྱས་ན་ནི་རང་རྒྱུད་དོ། །དེའི་ཕྱིར་ཁྱེད་ཅག་ནས་འདྲི་བར་བྱེད་པ་ཡིན་ཏེ་ཅེས་པའི་བར་གྱིས་ནི་ (14b2) གྲངས་ཅན་ལ་དང་པོ་ཁྱེད་ཇི་ལྟར་འདོད་ཅེས་འདོད་པ་ལེགས་པར་དྲིས། དེ་ནས་སྐྱོན་བརྗོད་པས་འགལ་བ་ཁས་བླངས་པར་ཤེས་ནས་བློ་ལྡོག་གོ་ཞེས་སྟོན་ཏོ། །དེས་འགལ་བ་བརྗོད་པའི་ཐལ་བས་སྒྲོ་འདོགས་ལྡོག་ལུགས་བསྟན་ཏོ། ། ད་ནི་སྐྱོན་སྤོང་སྟོན་ཏེ་འགལ་བ་བརྗོད་པའི་ཐལ་བས་བདག་སྐྱེ་བཀག་པས་རང་རྒྱུད་ཀྱི་ཧེ་དུ་དང་དཔེའ་བཀོད་པ་དོན་མྱེད། དེའི་ཕྱིར་ཧེ་དུ་དང་དཔེའ་མ་བརྗོད་པའི་ (14b3) ཕྱིར་ཅེས་པའི་སྐྱོན་མེད་དོ་ཞེས་བརྗོད་པ། གང་ལས་གཏན་ཚིགས་དང་དཔེའ་བཀོད་པ་འབྲས་བུ་དང་བཅས་པར་འགྱུར་བ་ཞེས་པ་ནི་ཐལ་བའི་བཟློག་ཁྱབ་པོ། །འདི་དག་ཙམ་ཞིག་གིས་བརྩད་པ་ནི་ཅི་ཕ་རོལ་པོ་འགལ་བ་ཁས་ལེན་པར་མི་བྱེད་དམ་ཅེས་པ་ནི་ཁྱབ་བྱེད་མི་དམྱིགས་པའི་ཐལ་བ་ཉིད་དོ། །དམ་ཅེས་པ་ནི་འགོའ་ག་སོའི་དྲི་བ་སྟེ། ཁས་ལེན་པར་མི་བྱེད་དམ་སྟེ་བྱེད་ཅེས་པའོ། ། (14b4) ལྡོག་ཁྱབ་ཀྱི་དོན་ནི་འདི་ཡིན་ཏེ། རང་རྒྱུད་དོན་དང་བཅས་པ་ལ་ཐལ་བའི་ངག་བརྗོད་པ་འབྲས་བུ་མེད་པས་ཁྱབ་པ་ལས། ད་ལྟ་ནི་ཐལ་བ་འབྲས་བུ་དང་བཅས་པའོ། །ཚིག་དེས་ཁྱབ་བྱེད་མི་དམྱིགས་པའི་ཐལ་བ་ལྡོག་ཁྱབ་དང་བཅས་པ་ཞིག་བསྟན་ཏོ། ། རང་རྒྱུད་ནུས་པ་མེད་པར་བཤད་པ། འོན་ཏེ་ཕ་རོལ་པོ་ཅེས་པ་ལསོགས་པའོ། །དོན་ནི་གྲངས་ཅན་བདག་སྐྱེ་འདོད་པ་ལ་ (14b5) འགལ་བ་བརྗོད་པའི་ཐལ་བ་བཏང་ཡང་འགལ་བ་ཁས་བླངས་པར་མ་ཤེས་ཤིང་སྒྲོ་འདོགས་མི་ལྡོག་ན་གང་ཟག་དེར་བསྙོན་པའི་ཕྱིར་རོ། །དེ་ལ་རང་རྒྱུད་བརྗོད་ཀྱང་ལྡོག་པར་མི་ནུས་པས་རང་རྒྱུད་ལ་ནུས་པ་མེད་ཅེས་བྱའོ། །དེས་ན་བསྙོན་པ་ནི་རིགས་པ་བཏང་པའི་ཡུལ་མ་ཡིན་པས་བསྙོན་པ་དང་བརྩོད་པ་མ་ཡིན་ནོ། ། དེའི་ཕྱིར་ཞེས་པ་ལསོགས་པས་ནི་འཇུག་སྡུད་དོ[།] གང་ཟག་གི་རིགས་འགའ་ (14b6) ཞིག་ལ་ཐལ་བ་བཏང་ཡང་སྒྲོ་འདོགས་མི་ལྡོག་པ་སྲིད་པ་དེ་ལ་རང་རྒྱུད་ཀྱི་སྦྱོར་བ་ཡང་ནུས་པ་མེད་པ་དེའི་ཕྱིར་རོ། །གནས་ནི་ཡུལ་ཏེ་དབུའ་མའི་སྐབས་སུ་རང་རྒྱུད་ཀྱི་རྗེས་དཔག་བྱེད་པ་ནི་གནས་མ་ཡིན་ནོ། །རྗེས་སུ་དཔག་ཅེས་པ་ནི་རྗེས་དཔག་མཚན་ཉིད་པ་ཚུལ་གསུམ་པའི་རྟགས་ལས་སྐྱེས་པའི་ཤེས་པ་དང་། རྗེས་སུ་དཔག་པར་བྱས་པས་དཔག་པ་སྟེ་སྒྲུབ་བྱ་ལ་མི་བྱ་སྟེ། (14b7) འདིས་དཔོག་པར་བྱེད་པས་དཔག་པ་སྟེ་ཧེ་དུ་ལ་བརྗོད་དོ། །རྗེས་དཔག་གི་ཚིག་གཉིས་པོ་ཡང་དེ་བཞིན་ནོ། །དོན་ནི་རྗེས་དཔག་གི་ཧེ་དུ་བརྗོད་པའི་ཡུལ་མ་ཡིན་པར་བརྗོད་པར་བྱེད་པ་ནི་རང་ཉིད་རྗེས་དཔག་ལ་དགའ་བ་འམ་མཁས་སུ་རེ་བའོ། །དེ་ལྟར་ན་རང་རྒྱུད་ཀྱི་ཧེ་དུ་དང་དཔེའ་མི་བརྗོད་པའི་ནད་ཀ་ནི་རང་རྒྱུད་ལ་ནུས་པ་མེད་པས་མ་བརྗོད་དོ། །ཐལ་བར་འགྲོ་བའི་ནད་ཀ་ནི་འགོ་སྙོམ་གྱི་ཐལ་བ་ (14b8) ཡིན་པའི་ཕྱིར་རོ། ། རང་རྒྱུད་མི་རིགས་པ་བཤད་པ་དབུའ་མ་པ་ཡིན་ན་ནི་ཞེས་པ་ལསོགས་པའོ། །འདིས་ནི་དབུའ་མ་པ་ལ་སྒྲུབ་བྱ་མེད་པ་དང་ཧེ་དུ་མེད་པར་སྟོན་ཏོ། །དབུ་མ་པ་ཅེས་པ་ནི་ཕྱོགས་མེད་པ་ལ་ཟེར་ལ་ལེགས་ལྡན་ཁྱོད་རང་རྒྱུད་བྱེད་ན་ནི་དབུ་མ་པ་མ་ཡིན་ཞིང་ཀླུའི་རྗེས་སུ་མི་འབྲང་པ་ཞིག་སྟེ། སྒྲུབ་བྱ་འམ་ཕྱོགས་འདོད་པའི་ཕྱིར་རོ། །རང་རྒྱུད་ནི་སྒྲུབ་བྱ་མཚན་ཉིད་ (15a1) དང་ལྡན་པ་ལ་ཚུལ་གསུམ་རྒོལ་ཕྱིར་རྒོལ་གཉིས་ཀའི་ཚད་མས་གྲུབ་པ་ཞིག་གིས་སྒྲུབ་པའོ། །དབུའ་མ་པའི་སྐབས་སུ་རང་རྒྱུད་ཀྱི་ཧེ་དུ་བརྗོད་པར་མི་རིགས་པའི་འཐད་པ་བཤད་པ། ཕྱོགས་གཞན་ཁས་བླངས་པ་མེད་པའི་ཕྱིར་རོ། །ཅེས་པའོ། །དེའི་བསམ་པ་ནི་རང་རྒྱུད་ཀྱི་ཧེ་དུ་བྱེད་པ་ལ་སྒྲུབ་བྱ་མཚན་ཉིད་དང་ལྡན་པས་ཁྱབ་ལ། དབུ་མ་པ་ལ་ཁྱབ་བྱེད་དུ་གྱུར་པའི་སྒྲུབ་བྱ་མེད་པའི་ (15a2) ཕྱིར་རང་རྒྱུད་ཀྱི་ཧེ་དུ་བརྗོད་པར་མི་རིགས་སོ། ། གལ་ཏེ་དབུའ་མ་པ་ཁྱེད་ཁས་ལེན་མེད་པར་འདོད་ཀྱང་ཁས་ལེན་དང་བཅས་པ་ཉིད་དེ། རང་རྒྱུད་ཀྱི་ཧེ་དུ་བརྗོད་པ་ལ་རང་རྒྱུད་ཀྱི་སྒྲུབ་བྱ་མཚན་ཉིད་ཅན་ཡིན་པས་ཁྱབ་ཅེས་ཁྱབ་བྱ་ཁས་བླངས་སོ། །སྒྲུབ་བྱ་ཁས་བླངས་པ་མེད་པའི་ཕྱིར་ཅེས་ཧེ་དུ་ཁས་བླངས་སོ། །དེའི་ཕྱིར་ཁས་ལེན་ཅན་དུ་འགྱུར་རོ་ཞེ་ན། མ་ཡིན་ཏེ་ཤར་གསུམ་པ་གཅིག་དང་དུ་བྲལ་ (15a3) གྱིས་གཅིག་དང་དུ་མའི་དངོས་པོ་བཀག་ནས་དངོས་པོ་བཀག་པའི་བཀག་པ་ཞིག་འདོད་ལ། དབུ་མ་པ་འདི་ནི་བཀག་པ་དེ་དེ་ལྟ་བུ་ཡང་མི་འདོད་དེ། ཅི་ཡང་མ་ཡིན་པར་འདོད་པས་ཁས་བླངས་གང་ཡང་མེད་དོ། །རྣམ་པ་གཅིག་དུ་ན་ཁས་བླངས་པ་ཙམ་གྱིས་དམ་བཅར་མི་འགྱུར་ཏེ། སྒྲུབ་བྱར་ཁས་བླངས་ན་དམ་བཅར་འགྲོ་ལ། དབུའ་མ་པས་སྒྲུབ་བྱར་ཁས་མ་བླངས་པའི་ཕྱིར་ཉེས་པ་མེད་དོ། ། (15a4) དབུའ་མ་པ་ལ་སྒྲུབ་བྱ་དང་འཐད་པ་མེད་པའི་འཐད་པ་གསུམ་སྟེ། བཞི་བརྒྱ་པ་དང་རྩོད་བཟློག་གཉིས་ལས་བཤད་དེ། ཚིག་བཅད་རེ་རེས་དོན་རེ་རེ་སྟོན་ཏོ། །ཡོད་པ་མ་གྲུབ་པའི་འཐད་པ་ནི་གཅིག་དང་དུ་བྲལ་ལསོགས་པའོ། །མེད་པ་དགག་པ་བག་ཙམ་དཀའ་སྟེ། ལྟོས་པའི་རིགས་པས་དགག་གོ །མེད་པ་ཡོད་པ་ལ་ལྟོས། ཡོད་པ་མ་གྲུབ་པས་དེ་ཡང་མི་འགྲུབ་སྟེ། (15a5) འགལ་བ་ནི་གཅིག་ལ་གཅིག་གཉེན་པོ་དང་སྤང་བྱའོ། །དེས་ན་གཉེན་པོ་ཡོད་པ་མེད་པས་སྤང་བྱ་འམ་གཉེན་པོ་མེད་པ་ཡང་མི་འགྲུབ་པོ། །དམ་བཅའ་བ་ནི་སྐྱོན་འབྱུང་པའི་ཡུལ་ལམ་གཞིའ་ཡིན་པས་སོ། །སྐྱོན་འོང་པ་ལ་དམ་བཅའ་ཡོད་པས་ཁྱབ། དབུ་མ་པ་ལ་ཁྱབ་བྱེད་དེ་མེད་དོ། །མངོན་སུམ་དུ་ནི་ཡུལ་མིན་ཤེས་པའོ། །སོགས་ཀྱིས་རྗེས་དཔག་དང་ཉེར་འཇལ་དང་ (15a6) གྲགས་པའི་ཚད་མ་བསྡུའོ། །དེ་ལྟར་རང་རྒྱུད་ཀྱི་ཧེ་དུ་དང་དཔེའ་མི་བརྗོད་པའི་འཐད་པ་ནི་རང་རྒྱུད་མི་རིགས་སོ། །འཐད་པར་འགྲོ་བ་ནི་ཐལ་འགྱུར་ཡིན་པའི་ཕྱིར་རོ། །དེ་ལྟར་ན་དོན་མྱེད་ཀྱིས་འགལ་བ་བརྗོད་པའི་ཐལ་བ་བསྟན། ནུས་མེད་ཀྱིས་འགོའ་སྙོམ་བསྟན། མི་རིགས་པས་སྒྲུབ་བྱ་དང་ཧེ་དུ་མེད་པར་བསྟན་ཏོ། ། རང་རྒྱུད་མི་འཐད་རྒྱུ་མཚན་ནི། ། དམ་བཅའ་མེད་པའི་རྩ་བ་སྟེ། ། (15a7) ཁྱབ་བྱེད་ཕྱོགས་ཉིད་ལོག་པའི་ཕྱིར། ། ཁྱབ་བྱ་ཧེ་དུ་སོགས་མི་དགོས། ། (18) དང་པོ་འགལ་བ་བཤད་ནས་གཉིས་པ་འགལ་བ་སྟོན་ཏོ། །འདིའི་དོན་ནི་འདི་ཡིན་ཏེ། །གྲངས་ཅན་འགོག་པའི་སྦྱོར་བ་སྐྱངས་ཀྱིས་འདི་བཀོད་དེ། །སྐྱེས་བུ་ལས་གཞན་པ་རྣམས་ཆོས་ཅན། བདག་ལས་སྐྱེ་བ་མེད་དེ། ཡོད་པའི་ཕྱིར་སྐྱེས་བུ་བཞིན་ཞེས་པའི་ཧེ་དུ་དང་དཔེའ་བརྗོད་དོ། ། (15a8) དེ་ལ་གྲངས་ཅན་གྱིས་ཚུར་རྒལ་བ། རྒྱུའི་བདག་ཉིད་དུ་ཡོད་པའི་ཕྱིར་ཟེར་རམ་འབྲས་བུའི་བདག་ཉིད་དུ་ཡོད་པའི་ཕྱིར་ཟེར། །དང་པོ་ལྟར་ན་འགལ་ཏེ། ལུགས་ཀྱིས་དངོས་པོ་མི་སྐྱེ་ན་མི་སྐྱེ། སྐྱེ་སྐྱེ་ཐམས་ཅད་རྒྱུའི་བདག་ཉིད་དུ་ཡོད་པ་ཁོ་ན་སྐྱེ་བའི་ཕྱིར་ཏེ་ཧེ་དུ་འགལ་ལོ། །ཕྱོགས་གཉིས་པ་ལྟར་ན་ནི་གྲུབ་པ་ལ་སྒྲུབ་སྟེ་འབྲས་བུའི་བདག་ཉིད་དུ་ཡོད་པས་མི་སྐྱེ་བར་ཁོ་བོ་ཅག་ཀྱང་འདོད་པའི་ཕྱིར་རོ་ཞེས་སྨྲའོ། ། (15b1) དེ་ལ་སྐྱངས་ཀྱིས་ལན་མ་བརྗོད། ལེགས་ཀྱིས་བརྗོད་པས། ངས་ཧེ་དུ་དང་དཔེའི་ཉེས་པ་བསལ་བ་བཞིན་མ་བསལ་བས་འཐད་པ་མ་ཡིན་ཅེས་བརྗོད་པ་སྟེ། དེ་ནི་སུན་འབྱིན་གྱི་ཧེ་དུ་གཉིས་པའོ། ། ལེགས་ལྡན་གྱིས་ཉེས་པ་བསལ་ལུགས་ནི་འདི་ཡིན་ཏེ། གྲངས་ཅན་གྱི་བརྟག་པ་དེའི་ལན་དུ། ང་ནི་རྒྱུ་དང་འབྲས་བུའི་བདག་ཉིད་དུ་ཡོད་པ་གང་དུ་ཡང་མི་བརྗོད་དེ། ཡོད་པ་ཙམ་ཡིན་པའི་ཕྱིར་ (15b2) ཅེས་ཟེར་རོ་ཞེས་བརྗོད་དོ། །དེ་ལ་ཟླ་བས་སུན་འབྱིན་པ་ནི་ཧེ་དུ་གཉིས་པ་འགལ་ཅེས་པའོ། །དོན་ནི་གཞན་གྱིས་སྨྲས་པའི་ཉེས་པ་མ་བསལ་བའི་ཕྱིར་ཅེས་པའི་ཧེ་དུ་རྩ་བ་འདི་འགལ་བར་སོང་སྟེ། སྒྲུབ་བྱ་ལས་བཟློག་པས་རྟགས་ལ་ཁྱབ་པའི་ཕྱིར་རོ། །གལ་ཏེ་གྲངས་ཅན་གྱིས་དམ་བཅའ་ལ་གྲུབ་སྒྲུབ་བྱ་ཧེ་དུ་ལ་འགལ་བ་བྱུང་ཅེས་པ་སྨྲས་པ་མ་ཡིན་ནམ། དེའི་ཚེ་སྐྱོན་སྤོང་མི་བྱེད་པ་ཅིའི་ (15b3) ཕྱིར། སྐྱོན་མ་སྤངས་ཀྱང་འཐད་པར་འགྲོ་བ་ཅིའི་ཕྱིར་སྙམ་ན། དྲི་བ་དེ་གཉིས་ཀྱི་རྒྱུ་མཚན་བརྗོད་པ། སྐྱོན་བསལ་མི་དགོས་པའི་ཕྱིར་མ་བསལ་ཏོ། ། སྤང་མི་དགོས་པའི་ལུགས་འདི་ལྟར་གྲུབ་སྒྲུབ་ཀྱི་སྐྱོན་ནི་ཡུལ་ཅན་ཡིན། དམ་བཅའ་ནི་སྐྱོན་གྱི་ཡུལ་ཡིན་ཏེ་གྲུབ་གྲུབ་དེ་ཡུལ་གང་ལ་འོང་ན་དམ་བཅའ་ལ་འོང་པས་ཡུལ་དང་ཡུལ་ཅན་ནོ། ། དེས་ན་གྲུབ་སྒྲུབ་ཀྱི་སྐྱོན་འོང་པ་ལ་དམ་བཅའ་ཡོད་པས་ (15b4) ཁྱབ། ཁྱབ་བྱེད་དེ་ལོག་ཏེ་དབུ་མ་པ་ལ་ཕྱོགས་མེད་པའི་ཕྱིར་རོ། །གཞན་ཡང་འགལ་བའི་སྐྱོན་ནི་ཡུལ་ཅན། ཧེ་དུ་ནི་ཡུལ་ཏེ། འགལ་བ་ནི་སྐྱོན་ཡིན་ལ། དེ་གང་ལ་འོང་ན་ཧེ་དུ་ལ་འོང་པས་སོ། །དེས་ན་འགལ་བའི་སྐྱོན་འབྱུང་པ་ལ་དམ་བཅའ་དང་ཧེ་དུ་ཡོད་པས་ཁྱབ། དབུའ་མ་པ་ལ་སྐྱོན་གྱི་ཁྱབ་བྱེད་ལོག་སྟེ། དམ་བཅའ་མེད་པས་ཧེ་དུ་མེད། (15b5) དེ་མེད་པས་འགལ་བ་མེད་དེ། འགལ་བའི་སྐྱོན་འཇུག་པའི་འཇུག་ས་སྐྱོན་མེད་པའི་ཕྱིར་རོ། ། སྐྱོན་གཉིས་པ་འཐད་པར་འགྲོ་བའི་ནད་ཀ་ནི་འགལ་བརྗོད་དམ་གཞན་གྲགས་ལསོགས་པའི་ཐལ་བའི་སྒོ་ནས་འཐད་པར་གྲུབ་སྟེ། དེ་དག་གིས་གཞན་གྱི་འདོད་པ་ཁེགས་པའི་ཕྱིར་རོ། ། ས་གཅོད་ལ་རྟེན་དོན་བཤད་བྱས། ། དེ་ནི་བདག་གིས་སྤོབས་པ་ཡིན། ། ཚུལ་དེས་གཞུང་ཡང་ཤེས་ (15b6) མོད་ཀྱི། ། སླར་ཡང་དེ་ཉིད་བཤད་པར་བྱ། ། (19) གཉིས་པ་འགལ་བ་ལ་གསལ་བ་གཉིས་ལས། དང་པོ་དམ་བཅའ་མེད་པ་བཤད་པ། གང་གི་ཚེ་དེ་ལྟར་དབུའ་མ་པས་རང་གི་རྒྱུད་ཀྱི་རྗེས་སུ་དཔག་པ་མི་བརྗོད་པ་ཉིད་ཡིན་པ་དེའི་ཚེ་གང་ལ་ཕྱིར་བཟློག་པར་བྱེད་པར་འགྱུར་བ་ཅེས་བྱའོ། །གང་གིས་ཕྱིར་བཟློག་པར་བྱེད་ན་གྲངས་ཅན་པ་དག་གིས་ཕྱིར་བཟློག་པར་བྱེད་པར་འགྱུར་བ་ཅེས་བྱའོ། ། (15b7) དེ་ལྟར་ནི་གོང་དུ་དམ་བཅའ་དང་དཔེའ་མེད་པར་བསྟན་པའི་ཚུལ་དེ་ལྟར་རོ། །དེའི་དོན་ནི་དབུའ་མ་ཡིན་པས་དམ་བཅའ་ཧེ་དུ་མེད། དེ་ཉིད་ཀྱི་ཕྱིར་རང་རྒྱུད་མྱི་བྱེད་དོ་ཞེས་པའི་ཐ་ཚིག་གོ ། གང་ལ་ཅེས་པ་ནི་ཁྱབ་བྱེད་དམ་བཅའོ། །ཕྱིར་བཟློག་ནི་ཁྱབ་བྱ་སྟེ། ཕྱིར་བཟློག་དང་ཕྱིར་གཞི་པ་དང་སྐྱོན་འགོད་ཅེས་པ་རྣམ་གྲངས་ཏེ། གྲངས་ཅན་གྱིས་སྐྱངས་ལ་ཕྱིར་སྐྱོན་འགོད་བྱེད་པའི་ (15b8) དོན་དོ། ། སྐྱོན་འགོད་ཀྱི་རྣམ་པ་དང་པོ་བཤད་པ། །དམ་བཅའ་བའི་དོན་འདི་ནས་གྲུབ་པ་ལ་སྒྲུབ་པ་ཡིན་ནོ་ཞེས་བྱ་བར་གང་ལ་གྲངས་ཅན་པ་དག་གིས་ཕྱིར་བཟློག་པར་བྱེད་པར་འགྱུར་བ་ལ་ཅེས་པའི་བར་ཏེ་དོན་བཤད་ཟིན་ཏོ། །ཅིར་འགྱུར་ཅེས་པ་ནི་དབུའ་མ་པ་ལ་བརྟག་པ་དེ་གཉིས་གང་འདོད་ཅེས་པའོ། །རྣམ་པ་གཉིས་བཤད་པ་རྒྱུའི་བདག་ཉིད་ཞེས་པ་ལསོགས་པའོ། ། (16a1) དེ་ཡང་སྡེབ་སྦྱོར་བྱ་སྟེ་རྒྱུའི་བདག་ཉིད་ལས་ཡིན་ན་ནི། །སྐྱེ་བ་དང་ལྡན་པ་ཐམས་ཅད་རྒྱུའི་བདག་ཉིད་དུ་ཡོད་པ་ཁོ་ན་སྐྱེ་བའི་ཕྱིར་འགལ་བའི་དོན་ཉིད་དུ་འགྱུར་རོ་ཞེས་བྱ་བར་གང་ལ་གྲངས་ཅན་པ་དག་གིས་ཕྱིར་བཟློག་པར་བྱེད་པར་འགྱུར་བ་ཞེས་སྦྱར་རོ། །རྒྱུའི་བདག་ཉིད་ལས་སྐྱེ་བ་ཡིན་ན་ནི་ཞེས་པས་བསལ་བ་རྗེས་སུ་བརྗོད་པ་སྟེ་སྐྱེ་བའི་སྒྲ་མ་མངོན་པའོ། ། (16a2) འགལ་བའི་དོན་དུ་འགྱུར་ན་ཐལ་བའི་སྒྲུབ་བྱའོ། །གཞན་པོ་ནི་ཧེ་དུའོ། ། གང་ལ་ཅེས་པ་ནི་པན་ཌི་ཏ་འདི་སྐད་གསུང་སྟེ། གང་ལ་ཅིག་པ་ཡིན་དེ་ལ་གཉིས་ཡོད་དེ། ཡུལ་གྱི་ཅིག་པ་དང་ཡོད་པའི་དོན་གྱི་ཅིག་པའོ། །དམ་བཅའ་ལ་སྦྱོར་བ་ན་ཡུལ་གྱི་བདུན་པ་སྟེ། ཡུལ་གང་ལ་དམ་བཅའ་གང་ལ་ཅེས་བཤད་དོ། །ཧེ་དུའི་སྐྱོན་འགལ་བ་སྟོན་པ་ན་ཡོད་པའི་དོན་གྱི་ཅིག་པ་སྟེ། (16a3) གང་ལ་ཅེས་པ་སྟེ་གང་ཡོད་དང་གྲངས་ཅན་པ་དག་གིས་ཕྱིར་བཟློག་པར་བྱེད་པར་འགྱུར་ཅེས་པ་བྱའོ། །དེ་ལྟ་མ་ཡིན་ཏེ་ཡུལ་ཅིག་དུ་བྱས་ན་མ་འབྲེལ་ཏེ། གང་ལ་ཕྱིར་བཟློག་བྱེད་ཅེས་པ་ནི་གང་ནི་དམ་བཅའོ། །ཕྱིར་བཟློག་གི་འགལ་བ་བརྗོད་པའོ། །དེ་ལྟར་ན་དམ་བཅའ་ལ་འགལ་བ་བརྗོད་ཅེས་བྱ་བར་འགྲོ་ལ་དེ་འགལ་བ་ནི་དམ་བཅའ་ལ་མེད་ཀྱི་ཧེ་དུ་ལ་ཡོད་པའོ། ། (16a4) དེའི་ཕྱིར་གང་ཡོད་དང་ཕྱིར་བཟློག་བྱེད་ཅེས་བྱ་དགོས་ཏེ། །དེའི་དོན་ནི་དམ་བཅའ་དང་གཏན་ཚིགས་ཡོད་ན་འགལ་བའོ། །དེ་ཡན་ཆད་ཀྱིས་ཁྱབ་བྱེད་མི་དམྱིགས་པའི་ལྡོག་ཁྱབ་བསྟན་ཏོ། ། ད་ནི་ཐལ་བ་དངོས་སྟོན་ཏེ། །དམ་བཅའ་ཇི་ལྟ་བུ་ཞིག་མེད་ན་རང་རྒྱུད་ཀྱི་དམ་བཅའ་མེད་པར་བཤད་པ། ནང་གི་སྐྱེ་མཆེད་རྣམས་བདག་ལས་སྐྱེ་བ་མེད་དེ་ཞེས་བྱ་བའི་རང་རྒྱུད་ཀྱི་དམ་བཅའ་ལྟ་ (16a5) ག་ལ་ཡོད་ཅེས་པའོ། །དེ་ཡང་འདི་ལྟར་སྦྱར་ཏེ། གང་གི་ཚེ་དེ་ལྟར་དབུའ་མ་པས་རང་རྒྱུད་ཀྱི་རྗེས་སུ་དཔག་པ་མི་བརྗོད་པ་ཉིད་ཡིན་ལ་དེའི་ཚེ་རང་རྒྱུད་ཀྱི་དམ་བཅའ་ལྟ་ག་ལ་ཡོད། །དམ་བཅའ་ཇི་ལྟ་བུ་ཞིག་མྱེད་ན། ནང་གི་སྐྱེ་མཆེད་རྣམས་བདག་ལས་སྐྱེ་བ་མེད་དེ་ཞེས་བྱ་བའི་རང་རྒྱུད་ཀྱི་དམ་བཅའ་བ་ལྟ་ག་ལ་ཡོད་ཞེས་བྱའོ། ། (16a6) དམ་བཅའ་མེད་པས་དེའི་སྐྱོན་མྱེད་ཅེས་བསྟན་ཏོ། ། ད་ནི་ཧེ་དུ་མྱེད་པས་དེའི་སྐྱོན་འགལ་བ་མེད་ཅེས་སྟོན་ཏོ། །སྔ་མ་དེས་ཁྱབ་བྱེད་མི་དམྱིགས་པའི་ཐལ་བ་ལྡོག་ཁྱབ་དང་བཅས་པ་ཞིག་བསྟན་པ་བཞིན་འདིས་ཀྱང་སྟོན་ཏོ། །ལྷོ་བལ་གྱི་ལུགས་ཡིན་ཏེ་འཕྲལ་སྐད་ཡན་ཆད་ལ་ཁྱབ་བྱེད་མྱི་དམྱིགས་པ་ལྡོག་ཁྱབ་རེ་དང་བཅས་པ་སྨྲའོ། །ཁོ་བོ་ཅག་ལ་ནི་གང་ཞིག་གྲུབ་པ་སྒྲུབ་ (16a7) པ་ཉིད་དམ་བཅའ་འགལ་བའི་དོན་ཉིད་དུ་འགྱུར་ཞིང་ཞེས་པས་ལྡོག་ཁྱབ་པོ། །གཞུང་གཞན་གྱིས་ཁྱབ་བྱེད་མི་དམིགས་པའི་ཐལ་བ་ཉིད་དོ། །གང་ཞིག་ནི་ཉེས་པ་འབྱུང་པའི་གཞིའ་ཧེ་དུ་གང་ཞིག་གོ ། གྲུབ་པ་ལ་སྒྲུབ་ཅེས་པའི་ལ་སྨོད་ན་ལེགས་ཏེ། གྲུབ་པའི་སྒྲུབ་པ་ཉིད་དམ་བཅེས་པའོ། །དེས་ན་དམ་བཅའ་ལ་གྲུབ་སྒྲུབ་ཀྱི་ཉེས་པ་འོང་ཅེས་མི་སྟོན་གྱི། (16a8) ཧེ་དུའི་སྐྱོན་གཉིས་སྟོན་ཏེ། ཧེ་དུ་ཡོད་ན་ཧེ་དུ་གྲུབ་པའི་སྒྲུབ་བྱེད་དུ་ཐལ་བ་དང་། འགལ་བར་ཐལ་བའོ། །འདི་ལྟར་དམ་བཅའ་ལ་གྲུབ་སྒྲུབ་ཀྱི་སྐྱོན་བྱུང་ན་ཧེ་དུ་ལ་ཡང་གྲུབ་པའི་སྒྲུབ་བྱེད་དུ་ཐལ་བའི་ཉེས་པའོ། །གཞན་ཡང་འགལ་བར་སོང་པ་ཡང་ངོ་། །དེ་ལྟར་ན་དམ་བཅའ་ལ་སྐྱོན་ཅིག་ཧེ་དུ་ལ་སྐྱོན་གཉིས་འོང་པར་བསྟན་ཏོ། ཡང་ན་གྲུབ་པ་ལ་སྒྲུབ་པ་ནི་དམ་ (16b1) བཅའི་སྐྱོན་ཡིན་ཏེ། འགལ་བ་ཧེ་དུའི་ཡིན་ཅེས་བྱའོ། །དེ་ལྟར་ལྡོག་ཁྱབ་ཀྱི་དོན་ནི་ཁྱབ་བྱེད་ཧེ་དུ་ཡོད་ན་གྲུབ་པའི་སྒྲུབ་བྱེད་དང་འགལ་བའི་ཉེས་པ་སྲིད་པས་ཁྱབ་ཅེས་པའོ། །ཁྱབ་བྱེད་མི་དམྱིགས་པ་ཉིད་བཤད་པ། གྲུབ་པ་ལ་སྒྲུབ་པ་ཉིད་ནས་ག་ལ་ཡོད་ཅེས་པའི་བར་ཏེ། ཁྱབ་བྱེད་དུ་གྱུར་པའི་ཧེ་དུ་མ་དམྱིགས་པའི་ཕྱིར་སྐྱོན་གཉིས་མེད་ཅེས་པའོ། ། འཇུག་བསྡུ་བ་ནི་དེའི་ཕྱིར་ (16b2) ཞེས་པ་ལསོགས་པའོ། །རང་རྒྱུད་མི་རིགས་པས་དམ་བཅའ་དང་ཧེ་དུ་མེད་པ་གཉིས་གསལ་བར་བྱས་པ་བཞིན། ས་གཅོད་དེས་ཀྱང་དེ་གཉིས་བསྟན་ཏོ། །སྒྲུབ་པའི་ཡན་ལག་མ་བརྗོད་པས་གཉི་ག་འགལ་ཅེས་པའི་དོན་ནི། ཧེ་དུ་དང་དཔེའ་མ་བརྗོད་པའི་ཕྱིར་དང་། ངས་བསལ་བ་བཞིན་གཞན་གྱིས་སྨྲས་པའི་ཉེས་པ་མ་བསལ་བའི་ཕྱིར་ཅེས་པའི་ཧེ་དུ་གཉིས་ཀ་འགལ་ཏེ། (16b3) བཟློག་པས་ཁྱབ་ཅེས་སྟོན་ཏོ། གལ་ཏེ་དང་པོ་འགལ་བ་དང་གཉིས་པ་འགལ་བ་གཉིས་དང་འདི་ལ་ཁྱད་པར་མྱེད་དོ་ཅེ་ན། མ་ཡིན་ཏེ་གོང་དུ་ནི་རང་རྒྱུད་ཀྱི་ཧེ་དུ་དང་དཔེའ་མ་བརྗོད་ཀྱང་འཐད་པར་འགྲོའ་བས་འགལ་ཅེས་བསྟན་ལ། །འདིར་ནི་གཞན་གྲགས་ཀྱི་ཧེ་དུ་དང་དཔེའ་མ་བརྗོད་ཀྱང་འཐད་པར་འགྲོ་བས་འགལ་ཞེས་སྟོན་ཏོ། །དེས་ནི་མི་བཟློས་སོ། ། དེ་བཤད་པ། ཅི་སྟེ་ཡང་ (16b4) ཞེས་པ་ལསོགས་པའོ། །འདིའི་ཕྱོགས་སྔ་མ་ལ་གནང་བ་དང་བཀག་པ་ཡོད་པ་སྟེ། རང་རྒྱུད་མྱི་བྱེད་ཀྱང་གཞན་གྲགས་བྱེད་དགོས་པ་ལས་མ་བྱས་པས་ཉེས་པ་སྔ་མ་ཉིད་དོ་ཞེའོ། །མ་གྱུར་མྱོད་ཞེས་པ་ཡན་ཆད་ཀྱིས་མ་དགག་པ་གནང་བ་བསྟན་ཏོ། །ལྷག་མས་བཀག་པ་ལ་གནང་བ་སྟོན་ཏེ། མ་གྱུར་ཅེས་པ་ནི་དེ་བདེན་དུ་ཆུག་ཅེས་པས་གནང་བའོ། །གནང་བ་རྣམ་པ་གཉིས་ཏེ་ (16b5) དམ་བཅའི་དོན་སྒྲུབ་པར་མ་གྱུར་མོད་ཅེས་སྦྱར་བ་ཡན་ཆད་ཀྱིས་གནང་བ་དང་པོ་སྟེ། དོན་ནི་དབུའ་མ་པ་རང་ལ་ཁྱབ་བྱེད་དམ་བཅའ་དང་ཧེ་དུ་དང་དཔེའ་མེད་པས། ཁྱབ་བྱ་རང་རྒྱུད་མེད་པས་ཧེ་དུ་དང་དཔེས་བདག་སྐྱེ་བཀག་པ་སྒྲུབ་པ་མེད་པ་ཡིན་དུ་ཆུག་ཅེས་པའོ། །གཉིས་ཀ་ཅེས་པ་ལསོགས་པས་གནང་བ་གཉིས་པ་སྟེ་རང་གཞན་གཉིས་ཀ་ལ་གྲུབ་པའི་དམ་བཅའ་ཧེ་དུ་དཔེས་བདག་ (16b6) སྐྱེ་འགོག་པ་མེད་པ་ཡང་ཁྱེད་བདེན་མོད་ཅེས་པའོ། །དམ་བཅའ་བསལ་ཅེས་པའི་དམ་བཅའ་ནི་གྲངས་ཅན་གྱི་བདག་སྐྱེའོ། །བསལ་བ་ནི་དེ་བཀག་པའོ། ། ད་ནི་དབུའ་མ་པས་གཞན་ལ་གྲགས་པའི་རྗེས་དཔག་ནི་བྱ་དགོས་ཅེས་བཤད་པ། གཞན་གྱི་དམ་བཅའ་བ་ལ་རང་གི་ཞེས་པ་ནས་སྙམ་ན་ཅེས་པའི་བར་རོ། །དོན་འདི་ཡིན་ཏེ་དབུའ་མ་པ་རང་ལ་བདག་སྐྱེ་འགོག་ (16b7) པའི་དམ་བཅའ་ལསོགས་པ་དང་གཉིས་ཀ་ལ་གྲུབ་པའི་ཧེ་དུ་དང་དཔེས་བདག་སྐྱེ་འགོག་པ་མེད་པ་ཁྱེད་བདེན་མོད། གྲངས་ཅན་རང་ལ་གྲུབ་པའི་ཧེ་དུ་དང་དཔེའ་ནི་དབུའ་མ་པས་བརྗོད་དགོས་ལ། ད་ལྟ་ནི་གྲངས་ཅན་རང་ལ་གྲུབ་པའི་ཧེ་དུ་དང་དཔེའ་མ་བརྗོད་པའི་ཕྱིར་ཉེས་པ་མ་བསལ་བ་དང་ཧེ་དུ་དང་དཔེའ་མ་བརྗོད་པའི་སྐྱོན་དེ་ཉིད་ད་རུང་གནས་སོ། །ཞེས་བརྒོལ་བའོ། །གཞན་ནི་གྲངས་ཅན་ནོ། ། (16b8) རང་གི་རྗེས་སུ་དཔག་པའི་རང་ཡང་གྲངས་ཅན་ཏེ། །དངོས་པོ་གཅིག་གཅིག་ལྟོས་པས་རང་གཞན་གཉིས་ཀར་འགྲོ་སྟེ། དབུའ་མ་པ་ལ་ལྟོས་ནས་གྲངས་ཅན་གཞན་དུ་འདུག་པས་གཞན་ལ་གྲགས་པའི་རྗེས་དཔག་ཅེས་ཟེར་རོ། །གྲངས་ཅན་རང་ལ་ལྟོས་ནས་རང་དུ་འདུག་པས་རང་ལ་གྲགས་པའི་རྗེས་དཔག་ཅེས་བྱའོ། །དེ་ལྟར་ན་རང་གྲགས་དང་གཞན་གྲགས་ཀྱི་རྗེས་དཔག་གཉིས་དོན་ཅིག་གོ ། (17a1) རང་ཉིད་ལ་ཕྱོགས་ལསོགས་པ་ཅེས་མདོར་གཞག་སྟེ་གྲངས་ཅན་ནོ། །སོགས་ཀྱིས་དཔེའ་དང་ཧེ་དུ་བསྡུའོ། །བཤད་པ་ནི་ཕྱོགས་དང་ཅེས་པ་ལསོགས་པ་སྟེ། །འོ་སྐོལ་ལྟར་ན་བསྟན་པའི་སོགས་དང་ཕྱོགས་ཅིག་མི་དགོས་སོ། །དེ་མ་བརྗོད་ཅེས་པའི་དེ་ནི་ཕྱོགས་ཧེ་དུ་དཔེའ་གསུམ་མོ། །དེ་ཉིད་དུ་འགྱུར་བ་ནི་ཉེས་པ་སྔ་སོ་ན་གནས་ཅེས་པའོ། །དེའི་དོན་ནི་སྔར་གྱི་ཉེས་པ་དེ་ཉིད་ (17a2) ཡང་བྱུང་པ་མ་ཡིན་ཏེ་རིགས་འདྲ་བས་དེ་ཉིད་ཅེས་བྱའོ། །གོང་དུ་ནི་རང་རྒྱུད་ཀྱི་ཧེ་དུ་དང་དཔེའ་མ་བརྗོད་ཟེར་ལ། །འདིར་ནི་གཞན་གྲགས་ཀྱི་ཧེ་དུ་དང་དཔེའ་མ་བརྗོད་ཟེར་བའོ། ། ལན་བརྗོད་པ་བཤད་པར་བྱ་སྟེ་དེ་ནི་དེ་ལྟར་མ་ཡིན་ཏེ་ཞེས་པ་ལསོགས་པའོ། །དོན་ནི་གཞན་ལ་གྲགས་པ་མ་བརྗོད་དུ་ཚུག་ཀྱང་བདག་སྐྱེ་འགོག་པའི་འཐད་པར་འགྲོ་སྟེ། སྒྲུབ་པའི་ཡན་ལག་མ་བརྗོད་པའི་སྒོ་ནས་བསྒྲུབ་བྱ་ (17a3) དང་མཚུངས་པར་འགྱུར་བའི་ཕྱིར་རོ། །འདི་ལྟར་དབུའ་མ་པ་ལ་དམ་བཅའ་མེད་པས་སྒྲུབ་བྱེད་བརྗོད་མི་དགོས་ལ། གང་ལ་འདོད་པ་ཡོད་པ་དེ་ལ་ཕྱོགས་ཡོད། གང་ལ་དམ་བཅའ་ཡོད་པ་དེས་སྒྲུབ་བྱེད་སྨྲས་དགོས་སྒྲུབ་བྱེད་ཡོད་པ་དེས་སྒྲུབ་བྱ་ཁས་མི་ལེན་པ་རྣམས་ལ་ལེན་དུ་གཞུག་པའི་ཕྱིར་སྒྲུབ་བྱེད་འགོད་པ་ནི་ལུགས་སོ། །ཚུལ་དེ་ཡང་རྟོག་གེ་ཐམས་ཅད་འདོད་དེ་ཇི་ལྟར་རང་ཉིད་ཚུལ་གསུམ་ (17a4) པའི་རྟགས་ལས་རྟགས་ཅན་གྱི་ཤེས་པ་སྐྱེས་པ་ལྟར་གཞན་ལ་བསྟན་པར་འདོད་ནས་སྒྲ་བརྗོད་པ་ཞེས་འབྱུང་ངོ་། །དེ་ལྟར་ན་དམ་བཅའ་ཡོད་པས་དབུའ་མ་པ་ལ་སྒྲུབ་བྱེད་ཞིག་བརྗོད་དགོས་ཏེ། མ་བརྗོད་ན་སྒྲུབ་པའི་ཡན་ལག་མ་བརྗོད་པས་ཕམ་སྟེ་སྒྲུབ་པའི་ཡན་ལག་མི་བརྗོད་ཅིང་། །སྐྱོན་མིན་བརྗོད་པ་གཉིས་པོ་ནི། །ཚར་བཅད་པའི་གནས་ཡིན་ཏེ། ། (17a5) གཞན་དུ་མི་འདོད་ཕྱིར་མ་སྨོས་ཅེས་པ་སྟེ། །མེད་པར་དགག་པས་ཕམ་པར་བྱས་སོ། ། གཉིས་པ་མ་ཡིན་དགག་གིས་ཕམ་པ་ནི་དབུའ་མ་པ་ལ་སྒྲུབ་བྱེད་ཞིག་བརྗོད་ན་ཡང་སྒྲུབ་བྱ་དང་མཚུངས་པར་འགྱུར་ཏེ། སྟོང་པ་ཉིད་ལ་བརྩད་བྱས་ཚེ ཞེས་པ་ལསོགས་པའོ། །དེ་ལྟར་ན་སྐབས་འདིས་སྒྲུབ་བྱ་དང་མཚུངས་པའི་ཐལ་བ་བསྟན་ཏོ། །ཅིའི་ཕྱིར་ན་གཞན་གྲགས་ (17a6) མ་བརྗོད་ཀྱང་། །འཐད་པར་འགྱུར་བའི་རྒྱུ་མཚན་ཅི་སྟེ་ཅེས་པའོ། །གང་གི་ཕྱིར་ནི་འཐད་པའོ། །དོན་གང་ཞིག་ནི་དམ་བཅའོ། །གང་གིས་ནི་རྒོལ་བའོ། །རང་ཉིད་ཀྱང་དགོལ་བའོ། །གཞན་ཕྱིར་རྒོལ་ལོ། །དོན་འདི་ནི་དམ་བཅའོ། །དེའི་ཕྱིར་ཅེས་པ་ནས་ལུགས་ཡིན་ན་ཅེས་པའི་བར་གྱིས་ནི་དམ་བཅའ་བྱེད་མཁན་གྱིས་སྒྲུབ་བྱེད་འགོད་དགོས་པ་རྟོག་ (17a7) གེ་བའི་སྤྱི་ལུགས་ཡིན་ཅེས་པའོ། །འདི་ནི་གཞན་ལ་ཧེ་དུ་ཡང་མ་ཡིན་ཅེས་པ་ནི་སྔར་བཞིན་སྒྲུབ་བྱེད་བཀོད་ན་སྒྲུབ་བྱ་དང་མཚུངས་པར་སོང་བས་ཧེ་དུ་མ་ཡིན་ནོ། །དབུའ་མ་པ་ལ་ཧེ་དུ་སྒྲུབ་བྱ་དང་མཚུངས་པ་བཞིན་དཔེའ་ཡང་ཡིན་ནོ་ཞེས་བཤད་པ་དཔེའ་མེད་པའི་ཕྱིར་ཅེས་ལསོགས་པའོ། །ཁ་ཆེའི་དཔེའ་ལ་ཧེ་དུ་དང་དཔེའ་མེད་པའི་ཕྱིར་རང་གི་དམ་བཅའ་ཞེས་པ་ལསོགས་ (17a8) པ་སྟེ་ཧེ་དུ་ཡང་བྱུང་སྟེ་མི་སྟོ་སྟེ་ཧེ་དུ་དང་དཔེའ་བརྗོད་ན་ཡང་སྒྲུབ་བྱ་དང་མཚུངས་པས་མ་གྲུབ་པར་སོང་པའོ། །རང་ཁས་ཆེས་པ་ནི་གྲངས་ཅན་གྱི་ཧེ་དུ་ཐམས་ཅད་རང་གི་འདོད་པས་གཞག་གི་དངོས་པོ་ལ་མི་གནས་ཅེས་པའོ། །དཔེར་ན་བདག་ལས་སྐྱེ་སྟེ་རང་དེ་ལྟར་འདོད་པའི་ཕྱིར་ཅེས་པ་དང་འདྲ་བའོ། །ཧེ་དུ་གང་ཡིན་ཅེ་ན་དངོས་པོ་རྣམས་བདག་ལས་སྐྱེ་སྟེ་རྒྱུ་ཉེ་བར་ལེན་པའི་ཕྱིར་རོ། ། (17b1) ཡང་ན་མེད་པ་མི་སྐྱེ་བའི་ཕྱིར་དཔེར་ན་མོ་ཤམ་གྱི་བུ་བཞིན་ནོ། །ཅེས་སོ། །ནས་ཀྱི་མྱུ་གུས་རྒྱུ་ནས་ལེན་གཉིས་པོ་ལསོགས་པ་མི་ལེན་པ་དང་། ནས་ལ་ནས་ཀྱི་མྱུ་གུ་ཡོད་པས་སྐྱེ་ལ། ས་ལུ་ལསོགས་པའི་མྱུ་གུ་མེད་པས་མི་སྐྱེ་ཟེར་བའོ། ། དེའི་ཕྱིར་འཐད་པ་དང་བྲལ་ཅེས་པ་ལསོགས་པས་འཇུག་སྡུད་པའོ། །གཞན་ནི་དབུའ་མ་པ་སྟེ་འཐད་པ་མེད་པའི་དམ་བཅའ། (17b2) གྲངས་ཅན་རང་ཀླུའི་དབུའ་མ་པ་ལ་ངེས་པ་སྐྱེད་མི་ནུས་པས་སོ། །འདིའི་ཅེས་པ་ནི་གྲངས་ཅན་ཏེ། རང་གི་སྒྲུབ་བྱེད་ལ་སྒྲུབ་བྱ་སྒྲུབ་པའི་ནུས་པ་མེད་པ་འདི་ཉིད་རང་གི་སུན་འབྱིན་བྱེད་དུ་གསལ་བར་གྲུབ་ཅེས་པའོ། །དེས་གཞན་གྲགས་ཀྱི་རྗེས་དཔག་གིས་གནོད་པ་བཏང་མི་དགོས་པའོ། ། ། ། ཧེ་དུ་གཉིས་མ་གྲུབ་པ་བརྗོད་པ་ཅི་སྟེ་རང་གི་རྗེས་དཔག་ཅེས་པ་ལསོགས་པའོ། ། (17b3) བརྒལ་བ་འདིའི་བསམ་པ་ནི་སྔར་གྱི་དེ་ཉིད་དེ། དབུའ་མ་པ་ཡིན་པས་རང་རྒྱུད་ཀྱིས་བདག་སྐྱེ་འགོག་པ་དང་སྐྱེ་མེད་སྒྲུབ་པ་མི་བྱེད་པ་བདེན་ཡང་། གྲངས་ཅན་ཉིད་ལ་གྲགས་པས་དམ་བཅའ་ལསོགས་པས་བདག་སྐྱེ་དགག་པར་རིགས་པ་ལས་རང་གྲགས་ཀྱི་རྗེས་དཔག་མ་བྱས་པས་འཐད་པ་མ་ཡིན་ཏེ། གཞན་གྲགས་ཀྱི་ཧེ་དུ་དང་དཔེའ་མ་བརྗོད་པའི་ཕྱིར་ཅེ་ན། ལན་གྱི་དོན་ནི་ཧེ་དུ་དེ་མ་གྲུབ་སྟེ། (17b4) གཞན་གྲགས་ཀྱི་ཧེ་དུ་དང་དཔེའ་བརྗོད་པའི་ཕྱིར་ཅེས་སྟོན་པ་དེ་ཡང་སློབ་དཔོན་ཞེས་པ་ལསོགས་པའོ། །རྗེས་དཔག་ནི་ཚིག་ཡན་ལག་ལྔ་པ་བྱེད་དེ། དམ་བཅའ་དང་ཧེ་དུ་དང་དཔེའ་དང་ཉེར་སྦྱར་དང་འཇུག་སྡུད་དོ། ། ཁ་ཅིག་ན་རེ་ཟླ་གྲགས་ཀྱིས་ཚད་མ་མི་ཤེས་པར་ངེས་ཏེ་ཚིག་ཡན་ལག་ལྔ་པའི་སྦྱོར་བ་བྱེད་པའི་ཕྱིར་རོ་ཞེ་འོ། །འདི་ནི་བསམ་པ་མ་རྟོགས་པའི་བརྩོད་པ་སྟེ་གཞན་གྲགས་ (17b5) ཅེས་པ་ནི་ཕ་རོལ་པོ་ཉིད་ལ་གྲུབ་ཚོད་ཀྱི་ཧེ་དུ་ལསོགས་པ་བརྗོད་པ་ཡིན་ལ། ད་ལྟ་ནི་གྲངས་ཅན་ཡན་ལག་ལྔ་པ་གྲུབ་པས་དེ་བརྗོད་པའོ། །ཚད་མ་པ་ལ་སྦྱོར་བ་བྱེད་ན་ནི་ཁྱབ་པ་དང་ཕྱོགས་ཆོས་ལས་མི་བརྗོད་དོ། །དེས་ན་དབུའ་མ་པ་འདི་ནི་གཙང་པའི་ཕོ་བྲིང་བཞིན་ཧེ་དུ་དང་དཔེའ་དང་ཆོས་ཅན་ཕ་རོལ་པོ་ཉིད་ཀྱིས་ཁྱེར་ནས་འོངས་སྟེ། དེ་དག་ཉིད་ཀྱིས་ཕ་རོལ་པོ་རང་སུན་ (17b6) འབྱིན་པར་བྱེད་པའོ། ། སྐྱངས་ཀྱི་ངག་གིས་ཡན་ལག་ལྔ་པའི་སྦྱོར་བ་བསྟན་ལུགས་བཤད་པ་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་དེ་ཅེས་པས་དམ་བཅའ་སྟེ། དངོས་པོ་རྣམས་ནི་ཆོས་ཅན་ནོ། །གྲངས་ཅན་གྱི་ལུགས་ཀྱིས་ཆོས་ཅན་གཉིས་ཏེ། བདག་ལས་གཞན་པའི་དངོས་པོ་རྣམས་དང་། མངོན་པར་གསལ་བའི་བུམ་པ་ལས་གཞན་པའི་དངོས་པོ་རྣམས་ཆོས་ཅན་གྱི་དོན་ཏོ། ། (17b7) བར་འདིར་ཡོད་པའི་ཕྱིར་ཅེས་པའི་ཧེ་དུ་ཁ་བསྐང་ངོ་། །དཔེའ་བསྟན་པ་དེ་དག་གི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དང་ཅེས་པའོ། །ཤིན་ཏུ་ཐལ་བར་འགྱུར་བའི་ཕྱིར་དང་ཞེས་པ་ཡང་དཔེར་བྱའོ། །ཁྱབ་པ་ཉིད་དཔེས་སྟོན་པས་དོན་ཅིག་གོ ། དེ་དག་གི་ཅེས་པས་ཁྱབ་བྱ་ཡོད་པ་བཟུང་སྟེ་ཡོད་པ་དེ་དག་གི་ཅེས་པའོ། །སྐྱེ་བ་དོན་མེད་པ་ནི་ཁྱབ་བྱེད་སྒྲུབ་བྱའི་ཆོས་སོ། ། (17b8) དམ་བཅའ་ལ་བཤད་པ་མི་བྱེད་དེ་སླ་བའི་ཕྱིར་རོ། །དཔེའི་ངག་འཆད་དེ་དེ་དག་གི་སྒྲས་ཡོད་པ་འཛིན་ཏེ། དེའི་རྒྱུ་མཚན་ཅིའི་ཕྱིར་ཞེ་ན་རྒྱས་པའི་ངག་གིས་ཤེས་ཏེ། རང་གི་བདག་ཉིད་དུ་ཡོད་པ་དག་ལ་ནི་ཅེས་པས་ཡོད་པ་བསྟན་ཏེ། རང་གི་བདག་ཉིད་ནི་ཡོད་པ་ལ་ཟེར་ཏེ་ཡོད་པའི་རང་གི་བདག་ཉིད་ཅེས་པའོ། །སྐྱེ་བ་ལ་དགོས་པ་མེད་ཅེས་པ་ནི་སྐྱེ་བ་དོན་ (18a1) མེད་ཅེས་པ་ཉིད་དོ། ། མདོར་གཞག་གི་ངག་དེས་དཔེའ་བཤད་པ་ཇི་ལྟར་འོང་སྙམ་ན་ངག་འདིས་ནི་ཅེས་པ་ལསོགས་པ་གསུངས་ཏེ། ཆོས་འཐུན་པའི་དཔེའ་ནི་ཁྱབ་པའི་དཔེའ་སྟེ་རྩོད་གཞི་དང་དཔེའི་ཆོས་ཅན་གཉིས་སྒྲུབ་བྱ་དང་ཧེ་དུའི་ཆོས་ཀྱིས་མཚུངས་པའོ། །བསྒྲུབ་བྱ་ནི་མངོན་གསལ་ལ་སྐྱེ་མྱེད་ཀྱི་ཆོས་དེ་ཡོད་པས་སྟེ། རྫ་མཁན་གྱི་ཁྱིམ་གྱི་བུམ་པ་གྲུབ་ (18a2) ཟིན་པ་ཀྲོང་ངེ་བ་དེ་ལ་སྐྱེ་བ་མེད་པ་ཡོད་པའོ། །སྒྲུབ་པར་བྱེད་ཅེས་པ་ནི་ཧེ་དུ་སྟེ་རྫ་མཁན་གྱི་ཁྱིམ་གྱི་བུམ་པ་གྲུབ་ཟིན་པ་དེ་ལ་ཡོད་པའི་ཕྱིར་གྱི་ཧེ་དུ་ཞུགས་པའོ། །དེ་ལྟར་ན་དཔེའ་སྒྲུབ་བྱའི་ཆོས་དང་སྒྲུབ་བྱེད་ཀྱི་ཆོས་དང་ལྡན་ནོ། །དེ་ཉིད་བཤད་པ་ནི་དེ་ལ་རང་གི་བདག་ཉིད་དུ་ཡོད་པ་ཞེས་བྱ་བ་འདིས་ནི་ཞེས་པ་ལསོགས་པ་སྟེ། སྒྲུབ་བྱ་དང་སྒྲུབ་བྱེད་གཉིས་གཞུང་གིས་བཤད་[པ]ར་ (18a3) སྟོན་ཏོ། །དེ་ལྟར་ན་གཞུང་གིས་ཡན་ལག་གཉིས་དམ་བཅའ་དང་དཔེའ་གཉིས་དངོས་བསྟན་གསུམ་ཤུགས་ལ་བསྟན་དོན་གྱིས་ཏེ། དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་དེ་དམ་བཅའ། ཡོད་པའི་ཕྱིར་ཧེ་དུ། ཁྱབ་པ་ནི་དཔེའ་དང་ཅིག ། དམ་བཅའ་སླར་བརྗོད་འཇུག་སྡུད་དོ། ། སྦྱོར་བ་དེའི་དཔེའ་བརྗོད་ཞིག་བཤད་པ། དེ་ལ་ཇི་ལྟར་སྒྲ་མི་རྟག་སྟེ་ཅེས་པ་ལསོགས་པའོ། །དེས་དམ་བཅའ་བའོ། །ཡོད་པ་འམ་བྱས་པའི་ (18a4) ཧེ་དུ་ཁ་བསྐང་ངོ་། །བྱས་པ་མི་རྟག་པའི་ཕྱིར་རོ་ཞེས་པ་ལསོགས་པ་དཔེའོ། །དེ་བཞིན་དུ་སྒྲ་ཡང་བྱས་པ་ཡིན་ཏེ་ཅེས་པ་བཞི་པ་ཉེར་སྦྱར་རོ། །དེའི་ཕྱིར་བྱས་པ་ཉིད་ཀྱི་ཕྱིར་མི་རྟག་པ་ཡིན་ནོ་ཞེས་པ་ནི་ལྔ་པ་འཇུག་བསྡུད་དོ། །ཉེ་བར་སྦྱར་བས་གསལ་པར་བྱས་པའི་བྱས་པ་ཧེ་དུ་ཡིན་པ་དེ་བཞིན་དུ་ཞེས་པ་ནི་པན་ཏི་ཏ་ན་རེ་ཉེར་སྦྱར་གྱིས་ཧེ་དུ་སྒྲུབ་བྱ་ལ་མི་འཁྲུལ་ (18a5) བར་བྱས་པས་ཉེར་སྦྱར་གྱིས་ཧེ་དུ་གསལ་བར་བྱས་པའོ། །དེའི་དོན་ནི་དམ་བཅའི་རྗེས་ཉིད་ལ་ཧེ་དུ་ཡོད་པས་ཧེ་དུའི་གོང་དུ་ཁྱབ་པ་མ་བསྟན་ལ། ཁྱབ་པ་མ་བརྗོད་པའི་ཧེ་དུས་སྒྲུབ་བྱ་ལ་ངེས་པ་མྱི་སྐྱེད་དོ། །ཉེར་སྦྱར་གྱི་གོང་དུ་ཁྱབ་པ་བརྗོད་པས་ཉེར་སྦྱར་ཁྱབ་པ་ཅན་ཡིན་ལ། དེས་ཧེ་དུ་སྒྲུབ་བྱ་ལ་ངེས་པར་བྱས་ཟེར་རོ། །ལོ་ཙ་ན་རེ་ཧེ་དུ་གཞུང་ན་དངོས་སུ་མེད་པ་དེ་ཉེར་སྦྱར་ (18a6) བརྗོད་ནས་གོ་བར་བྱས་པས་ཉེར་སྦྱར་གྱིས་ཧེ་དུ་གསལ་བར་བྱས་ཟེར་རོ། ། འདི་ཡང་ཞེས་པ་ནས་སྦྱོར་བའི་དོན་བསྟན་ཏེ་སླའོ། །འདི་ན་འདི་ལྟར་བུམ་པ་ལསོགས་པ་འདུན་ན་ཞེས་པ་ལསོགས་པས་ནི་མཐུན་དཔེའ་བསྟན་ཏོ། །སངས་རྒྱས་སྐྱངས་ཀྱིས་གྲངས་ཅན་ལ་བརྗོད་པའི་སྦྱོར་བ་དང་པོ་འདི་ལྟ་སྟེ། མངོན་གསལ་ལས་གཞན་པའི་དངོས་པོ་རྣམས་ཆོས་ཅན་ (18a7) བདག་ལས་སྐྱེ་བ་མེད་དེ། ཡོད་པའི་ཕྱིར་མངོན་པར་གསལ་བར་བྱས་པའི་བུམ་པ་བཞིན་ནོ་ཅེས་པའོ། ། དཔེའ་མངོན་གསལ་གྱི་བུམ་པ་ཅེས་པ་ནི་རྫ་མཁན་གྱི་ཁྱིམ་ན་བྱས་ཟིན་ནས་ཡོད་པའི་བུམ་པའོ། །དེ་མི་སྐྱེ་བར་གྲངས་ཅན་རང་འདོད་པས་དཔེའ་ཕ་རོལ་པོ་ལ་གྲུབ་པོ། །དཔེའ་དེ་གཞུང་དེས་བསྟན་ཏོ། །ཡོད་པའི་ཧེ་དུ་དང་སྒྲུབ་བྱའི་ཆོས་གཉིས་དཔེའ་ལ་ (18a8) ཡོད་པ་བཞིན་རྩོད་གཞི་ལ་ཡང་ཡོད་པར་སྟོན་པ་ནི་འཇི་[མ་]བའི་གོང་པུ་ལསོགས་པའོ། །གྲངས་ཅན་རྒྱུ་ལ་འབྲས་བུ་ཡོད་པར་སྨྲ་བས་འཇིམ་པའི་གོང་བུ་ཐམས་ཅད་ལ་བུམ་པ་ཡོད་པར་འདོད་པས་དེ་ཆོས་ཅན་ཏེ། འཇིམ་ནང་གི་བུམ་པ་ཆོས་ཅན། མི་སྐྱེ་སྟེ་ཡོད་པའི་ཕྱིར་མངོན་གསལ་གྱི་བུམ་པ་བཞིན་ཅེས་པའོ། །དེ་ལྟར་ཧེ་དུ་ཞེས་པ་ལསོགས་པས་མཇུག་བསྡུ་བའོ། ། (18b1) དེས་གཞན་གྲགས་ཀྱི་ཧེ་དུ་དང་དཔེའ་མ་བརྗོད་པའི་ཕྱིར་ཟེར་བ་ལ་དཔེའ་མ་གྲུབ་ཅེས་བསྟན་ཏོ། ། ད་ནི་གཞན་གྲགས་ཀྱི་ཧེ་དུ་དང་དཔེའ་བརྗོད་ན་ཡང་གཞན་གྱིས་སྨྲས་པའི་ཉེས་པ་མ་བསལ་བའི་ཕྱིར་ཟེར་བ་ལ། ཧེ་དུ་དེ་ཡང་མ་གྲུབ་ཅེས་བརྗོད་པ། གཏན་ཚིགས་དང་དཔེའ་མ་བརྗོད་པ་མ་ཡིན་པ་འབའ་ཞིག་ཅེས་པ་ལསོགས་པའོ། །འདི་དག་གིས་ནི་གཞན་གྲགས་ཀྱི་རྗེས་དཔག་དེ་གསལ་ (18b2) བར་སྟོན་པའི་ཆེད་དུ་བྱུང་པའོ། ། ཇི་ལྟར་གསལ་ཞེ་ན་དང་པོ་ཧེ་དུ་ལ་འགལ་བ་མེད་པར་བསྟན་པ་གྲངས་ཅན་པ་དག་མདུན་ན་གནས་པའི་བུམ་པ་མངོན་པར་གསལ་བའི་རང་བཞིན་ཅན་ནི། ཡང་མངོན་པར་གསལ་བར་མི་འདོད་ཅིང་། དེ་ཉིད་འདིར་དཔེའ་ཉིད་དུ་གྲུབ་པའི་ངོ་བོ་ཡིན་པའི་ཕྱིར་ལ། གཏན་ཚིགས་འགལ་བའི་དོན་ཉིད་དུ་དོགས་པ་ག་ལ་ཡོད་ཅེས་སྦྱར་རོ། །འདི་ལྟར་རྫ་ (18b3) མཁན་གྱི་ཁྱིམ་གྱི་བུམ་པ་གསལ་བ་ལ་ཡོད་པའི་ཧེ་དུ་ཞུགས་པས་འགལ་བ་མེད་དེ། རྟགས་ལ་སྒྲུབ་བྱའི་ཆོས་ཀྱིས་ཁྱབ་པས་མི་འགལ་ཏེ་འགལ་བ་ལ་ནི་སྒྲུབ་བྱའི་ཆོས་ལ་བཟློག་པས་ཁྱབ་པའོ། ། གཉིས་པ་དམ་བཅའ་ལ་གྲུབ་གྲུབ་ཀྱི་སྐྱོན་མེད་པ་བཤད་པ་ནུས་པའི་ངོ་བོར་གྱུར་ཅིང་ཞེས་པ་ལསོགས་པས་སྟེ་སྔར་མ་སྦྱར་བ་རྣམས་སྦྱར་པས་བསྟན་ཏོ། །དོན་ནི་གྲངས་ཅན་འཇིམ་ནང་ན་བུམ་པའི་ (18b4) ངོ་བོ་ཡོད་ནི་ཡོད། མངོན་གསལ་དུ་ནི་མ་གྱུར་པ་སྐྱེ་བར་འདོད་ལ། ཁོ་བོ་ཅག་དེ་ལྟ་བུ་སྐྱེ་བར་མི་འདོད་པས་གྲུབ་གྲུབ་མེད་དོ། །དེའི་ཕྱིར་སུན་འབྱིན་པ་ཅེས་པ་ལསོགས་པ་ནི་གཉིའ་གའི་འཇུག་སྡུད་དོ། ། གྲངས་ཅན་ན་རེ་རིགས་པ་དེས་བུམ་པ་མི་སྐྱེ་ཡང་རྣམ་བུ་ལསོགས་པ་སྐྱེ་བོ་ཟེར་བ་ལ་བརྗོད་པ། བུམ་པ་ལསོགས་པ་ཞེས་བྱ་པའི་ལསོགས་པ་ཅེས་པ་ལསོགས་པའོ། །འདིས་ནི་བུམ་པའི་ (18b5) དངོས་པོ་གཅིག་པུ་ཆོས་ཅན་དུ་གཞག་ན་མ་ངེས་པར་འགྱུར་བ་ལས། བུམ་པ་ལསོགས་པ་མ་སྐྱེ་བའི་དངོས་པོ་ཐམས་ཅད་ཆོས་ཅན་ཡིན་པས་སྣམ་བུས་མ་ངེས་པ་མེད་དེ་འཐུན་ཕྱོགས་ལ་རྟགས་ཞུགས་པའི་ཕྱིར་རོ། །དེའི་སྐྱེ་བ་ཡང་བཀག་པའི་ཕྱིར་རོ། ། སྦྱོར་བ་དང་པོ་བརྗོད་ནས་གཉིས་པ་བཤད་པ། ཡང་ན་སྦྱོར་བ་འདི་ནི་ཚུལ་གཞན་ཡིན་ཏེ་ཞེས་པ་ལསོགས་པའོ། །སྦྱོར་བ་འདི་ཡིན་ཏེ་སྐྱེས་ (18b6) བུ་ལས་གཞན་པའི་དངོས་པོ་ཐམས་ཅད་ཆོས་ཅན། བདག་ལས་མི་སྐྱེ་སྟེ། ཡོད་པའི་ཕྱིར་སྐྱེས་བུ་བཞིན་ཞེས་པའོ། ། གལ་ཏེ་གྲངས་ཅན་ལ་ལུགས་གཉིས་ཡོད་དེ། འགྱུར་བར་སྨྲ་བ་དང་། མངོན་པར་གསལ་བ་སྨྲ་བའོ། །དང་པོ་ནི་སྐྱེ་བ་འདོད་པས་སྐྱེ་བ་བཀག་པས་བདག་སྐྱེ་ཁེགས་སོ། །འོན་ཀྱང་གཉིས་པ་ནི་སྐྱེ་བ་མི་འདོད་པས་སྐྱེ་བ་བཀག་པས་དེ་མི་ཁེགས་སོ་ཅེ་ན། (18b7) ཁོང་རྒོལ་དེའི་ལན་གཞུང་གིས་འདེབས་པ་ནི་གལ་ཏེ་ཡང་སྐྱེ་བ་བཀག་པ་ཅེས་པ་ལསོགས་པའོ། །དོན་ནི་སྐྱེ་བ་བཀག་པས་མངོན་གསལ་གྱི་བདག་ཀྱང་ཁེགས་ཏེ། མངོན་གསལ་དང་སྐྱེ་བ་གཉིས་ལ་ཆོས་མཚུངས་གཉིས་ཡོད་པས། དེ་ལ་ཡང་བཏགས་ནས་སྐྱེ་བའི་སྒྲ་འཇུག་གོ །འདི་ལྟར་སྐྱེ་བ་ལ་དང་པོ་རྒྱུ་རྐྱེན་མེད་པ་ན་མི་གསལ་ཕྱིས་ཡོད་པ་ན་དམྱིགས་པ་ཡོད་ (18b8) ལ། དེ་ནི་མངོན་གསལ་ལ་ཡང་ཡོད་དེ། རྒྱུ་རྐྱེན་མེད་པ་ན་མ་དམིགས་ཕྱིས་ཡོད་པ་ན་དམྱིགས་སོ། །འདི་བཀག་པ་གནོད་པར་བྱེད་པ་མ་ཡིན་པ་མ་ཡིན་ནོ་ཞེས་པ་ནི་དགག་པ་གཉིས་ཀྱི་རྣལ་མ་སྟེ་མངོན་གསལ་འགོག་པའི་གནོད་བྱེད་ཡོད་པ་སྟེ། མངོན་གསལ་ཞེས་པ་ཡོད་དམ་མེད་པ་ཞིག་ཡིན། དང་པོ་ལྟར་ན་སྐྱེ་བ་དོན་མེད་དེ་ཡོད་པའི་ཕྱིར་རོ། །གཉིས་པ་ལྟར་ན་བདག་ (19a1) སྐྱེ་ཉམས་ཏེ་སྔ་ན་མེད་པ་གཅིག་རྐྱེན་གྱིས་སྐྱེད་པའི་ཕྱིར་བདག་སྐྱེ་མ་ཡིན་ནོ། ། གལ་ཏེ་ཟླ་གྲགས་ཁྱོད་ནི་འགལ་བ་སྨྲ་བ་ཞིག་སྟེ། སྐྱངས་ཀྱི་ངག་འདི་གོང་དུ་འགལ་བརྗོད་ཡིན་ནོ་ཞེས་བཤད། འདིར་གཞན་གྲགས་སུ་བཤད་པའི་ཕྱིར་རོ་ཞེས་བརྒོལ་བ་ནི། །ཡང་ཇི་སྐད་སྨྲས་པ་ནས་སོ། །ཇི་སྐད་སྨྲས་པ་ནི་སྐྱངས་ཀྱི་ངག་གོང་དུ་བཤད་པ་དེའོ། །བརྗོད་པར་བྱེད་པ་མེད་ (19a2) པ་ནི་འདི་འགལ་བརྗོད་དོ་འདི་གཞན་གྲགས་སོ་ཞེས་པ་སྐྱངས་ཀྱི་ངག་ལ་མེད་པའོ། །རྣམ་པར་དཔྱོད་པ་འདི་ལྟ་བུ་ནི་ངག་འདི་འགལ་བརྗོད་ཡིན་གཞན་གྲགས་ཡིན་ཞེས་པ་རང་གིས་དཔྱད་པ་བྱས་པ་ཡིན་ནོ་ཞེས་པའོ། །བཤད་པར་བྱ་ཏེ་ཅེས་པ་ལསོགས་པ་ལན་ཏེ་སྐྱངས་ཀྱི་ངག་ནི་དོན་གྱི་ངག་ཡིན་པས་དོན་མང་པོ་ཡོད་དོ། །དེས་ན་མི་འགལ་ལོ། །དོན་བསྡུ་བ་གཞན་གྲགས་དང་ (19a3) འགལ་བརྗོད་གཞུང་དེས་བསྡུས་པའོ། །དེས་ན་ངག་དེ་དག་མཁས་པ་ངས་བཤད་ན་གཞན་གྲགས་འགལ་བརྗོད་སྟོན་པར་ཤེས་སོ། ། ད་ནི་བཟློག་པ་དང་འབྲེལ་བ་མེད་པ་སྟོན་ཏེ། འདིས་ཐལ་འགྱུར་ཡིན་ན་དམ་བཅའ་ཉམས་པར་ཐལ་ཅེས་པའི་སྐྱོན་སྤོང་བྱེད་པའོ། །དེས་ན་བཟློག་པ་དང་འབྲེལ་བ་ནི་རང་རྒྱུད་དེ། །ཐལ་བ་བཟློག་པ་ནི་རང་རྒྱུད་ཡིན་པས་དེ་དང་འབྲེལ་བར་ཐལ་ཅེས་ (19a4) ཟེར་བ་ལ། བཟློག་པ་ཡང་ཐལ་བ་ཡིན་པས་གཞན་སྐྱེ་གྲུབ་པར་ཐལ་བའི་ཉེས་པ་མེད་ཞེས་སྟོན་ཏོ། །དེ་བཤད་པ་ཐལ་བར་འགྱུར་བའི་བཟློག་པའི་དོན་ཅེས་པ་ལསོགས་པའོ། །ཐལ་བ་དང་ཐལ་བ་བཟློག་པའི་གཉིས་ཀའི་ཉེས་པ་ཕ་རོལ་པོ་ཁོ་ན་ལ་འོང་ལ། དབུའ་མ་པ་ལ་མི་འོང་པ་ཅིའི་ཕྱིར་ཅེ་ན། ཁྱབ་བྱེད་དམ་དམ་བཅའ་མེད་པའི་ཕྱིར་དབུ་མ་པ་ལ་ཉེས་སྐྱོན་མྱེད་དོ། (19a5) དེས་ན་དམ་བཅའ་ཉམས་པ་མེད་པའི་ནད་ཀ་དམ་བཅའ་རང་མེད་པས་ཡིན་ནོ། །ཐལ་བ་ལས་བཟློག་པ་སྒྲུབས་པས་ཞེས་པ་ལསོགས་པའི་དོན་ནི་ཕ་རོལ་པོ་གྲངས་ཅན་ལ་ཐལ་བའི་ཉེས་པ་གཉིས་དང་བཟློག་པ་གཅིག་བྱུང་ལ། དེ་ལ་ཉེས་པ་ཅི་ཙམ་མང་དུ་བྱུང་པ་ནི་དབུའ་མ་པ་འདོད་པའོ། །གང་ལས་ཅེས་པ་ནས་ནི་ཁྱབ་བྱེད་མི་དམྱིགས་པ་ལྡོག་ཁྱབ་དང་བཅས་པ་ཞིག་བསྟན་ཏེ། སྐྱངས་ཀྱི་ (19a6) ངག་ལ་ཉེས་པའི་གླགས་ཡོད་པ་ལ་གླགས་སྨྲས་པས་ཁྱབ་ལ་ཁྱབ་བྱེད་དུ་གྱུར་པ་གླགས་སྨྲས་པ་མེད་པའི་ཕྱིར་རོ། །རང་བཞིན་མྱེད་པར་ནས་ནི་གྲངས་ཅན་ལ་ཉེས་པ་ཡོད་པ་དང་དབུ་མ་པ་ལ་མེད་པའི་འཐད་པ་སྟོན་ཏེ། རང་བཞིན་མེད་པར་སྨྲ་བ་དབུའ་མ་པས་རང་བཞིན་ཡོད་པར་སྨྲ་བ་གྲངས་ཅན་ལ་ཐལ་བ་བརྗོད་པ་ན། །ཐལ་པ་ལས་བཟློག་པའི་ཉེས་པ་ཡང་གྲངས་ཅན་ཉིད་ལའོ། ། (19a7) སྒྲ་རྣམས་ནི་ཅེས་པ་ལསོགས་པས་མི་མཐུན་དཔེའ་སྟོན་ཏེ། དབྱུག་པ་དང་ཞགས་པས་རྡེག་བྱ་དང་བཅིང་བྱ་རང་དབང་མྱེད་པར་བྱེད་པ་ལྟར་ཐལ་བའི་སྒྲས་སྨྲ་བ་པོ་རང་དབང་མེད་པར་བྱེད་པ་མ་ཡིན་ཏེ། བརྗོད་འདོད་ཀྱི་རྗེས་སུ་འབྲང་པའོ། །བརྗོད་པར་འདོད་པ་ནི་ཕ་རོལ་སྐྱོན་བརྗོད་པར་འདོད་པའོ། །དེའི་ཕྱིར་ཐལ་པ་བཟློག་པའི་ཉེས་པ་དབུ་མ་པ་ལ་མི་འོང་གི། གྲངས་ཅན་ཁོ་ན་ལ་འོང་ (19a8) པར་ངེས་སོ། ། དེའི་ཕྱིར་ཅེས་པ་ནས་འཇུག་བསྡུ་བའོ། །ཐལ་བ་བརྗོད་པའི་དགོས་པར་གཞན་གྱི་དམ་བཅའ་མ་འབྲེལ་བར་སྟོན་པ་ཡིན་གྱི། ཐལ་བ་བཟློག་པ་གཞན་སྐྱེ་མི་འགྲུབ་ཅེས་བསྟན་ཏོ། །ལུང་དང་སྦྱར་བ་ནི་དེ་ལྟར་ཡང་སློབ་དཔོན་ནི་ཞེས་པ་ལསོགས་པའོ། །ཀླུས་ཀྱང་དགག་པ་ཐམས་ཅད་འགལ་བརྗོད་ཀྱི་ཐལ་བས་ཕལ་ཆེར་མཛད་ཅེས་སྟོན་ཏོ། ། (19b1) ཕལ་ཆེར་ཞེས་པ་ནི་རེས་འགའ་གཞན་གྲགས་ཀྱང་བྱེད་པའོ། །ལེགས་ལྡན་གྱི་ཕྱོགས་པ་ཞིག་གིས་རྒལ་བ། ཀླུའི་གཞུང་ནི་དོན་གྱི་ངག་ཡིན་པས་རང་རྒྱུད་ཀྱང་ཡོད་ལ། བསྐྱངས་ཀྱི་ངག་ནི་དོན་གྱི་ངག་མ་ཡིན་པས་ཐལ་བ་གཉིས་སྟོན་པར་མི་འཐད་དོ་ཟེར་རོ། །དེའི་ལན་བརྗོད་པ་ཅི་སྟེ་སློབ་དཔོན་ནས་སོ། །དོན་ནི་འགོའ་བསྒྲེར་བྱུང་སྟེ། ཀླུའི་ངག་དོན་ཆེན་པོ་ཅན་དུ་འདོད་ན་ (19b2) བསྐྱངས་ཀྱི་ངག་ཀྱང་དེ་ལྟར་ཁས་ལོང་། །དེ་མི་ལེན་ན་དེ་ཡང་མ་ལེན་ཞིག་ཅེས་སོ། །དེ་གཉིས་མི་མགྲས་ཏེ་བསྐྱངས་ནི་འགྲེལ་པ་མཁན་ཡིན་ལ་དེས་ན་བསྟན་བྱ་ཐམས་ཅད་གསལ་བར་སྟོན་མ་བསྟན་ན་བསྟན་བྱ་མ་ཡིན་ནོ། །ཀླུ་ནི་རྩ་བ་མཁན་ཡིན་ལ། དེས་ན་དོན་གྱི་ངག་ཡིན་ནོ་ཞེས་སྨྲ་བ་ནི་འོན་ཏེ་སྦྱོར་བའི་ངག་ཞེས་པ་ལསོགས་པའོ། །ལན་གྱི་དོན་ནི་ཁྱོད་ཀྱི་དེ་མ་ (19b3) ངེས་ཏེ་འགྲེལ་པ་མཁན་གྱིས་ཀྱང་དོན་གྱི་ངག་མཛད་པའི་ཕྱིར་རོ། །ཀླུ་ཉིད་ཀྱིས་རྩོད་བཟློག་གི་འགྲེལ་པ་མཛད་པས་དོན་གྱི་ངག་ཡོད་པས་སོ་ཞེས་ལན་བརྗོད་པ་ནི་དེ་ཡང་ཡོད་པ་མ་ཡིན་ཏེ་ཞེས་པ་ལསོགས་པའོ། ། གྲངས་ཅན་འདོད་པ་དགག་དོན་དུ། ། འཕགས་པའི་དགོངས་མཁྱེན་སངས་རྒྱས་བསྐྱངས། ། ཁྱབ་བྱེད་མྱི་དམྱིགས་སྦྱོར་བ་མཛད། ། འཁྲུལ་བ་ཅན་གྱི་ལེགས་ (19b4) ལྡན་གྱིས། ། དེ་ཉིད་ལྟར་སྣང་མཉམ་ཤེས་ཏེ། ། སུན་འབྱིན་ལྟ་བུའི་རིགས་པ་བཀོད། ། ཟླ་མེད་ཟླ་བ་གྲགས་པ་དེས། ། བསྐྱངས་ལ་འཁྲུལ་བ་མེད་མཐོང་ཞིང་། ། ལེགས་ལྡན་མ་འབྲེལ་སྨྲ་ཤེས་ནས། ། སྐྱོན་སྤངས་རྣམ་གཞག་རྣམ་དྲུག་བཀོད། ། (20) ད་ནི་གཞན་གྱི་སུན་དབྱུང་པ་སྟོན་ཏོ། །དེའི་དོན་འདི་ཡིན་ཏེ་ལེགས་ལྡན་བྱེད་ཀྱིས་སློབ་དཔོན་སངས་རྒྱས་སྐྱངས་ (19b5) ཀྱིས་བདག་སྐྱེ་འགོག་པའི་འཐད་པ་དེས་གོ་མི་ཆོད་པར་བསམས་ནས་རང་གིས་གྲངས་ཅན་གྱི་བདག་སྐྱེ་འགོག་པའི་རིགས་པ་བརྗོད་ལ་དེ་སློབ་དཔོན་ཟླ་གྲགས་ཀྱིས་ཉེས་པ་དུ་མའི་གནས་སུ་མཁྱེན་ནས་སུན་འབྱིན་བརྗོད་དོ། །དེ་ལྟར་ན་གཞན་སུན་དབྱུང་པའི་དོན་དེ་ལྟར་ཟུང་ཞིག ། འདི་ལ་གཉིས་ལས་ཐོག་མ་གཞན་གྱི་ལུགས་བཟློག་པའོ། །འདི་ལ་བསྟན་བཤད་ལས་དང་པོ་བརྗོད་པ་གཞན་ཡང་རྟོག་ (19b6) གེ་བ་འདིས་ཅེས་པ་ལསོགས་པའོ། །རྟོག་གེ་བ་ནི་ལེགས་ལྡན་ཏེ་ཟླ་བས་རེས་སློབ་དཔོན་ཟེར་རེས་རྟོག་གེ་བ་ཞེས་ངན་སྨྲས་བྱེད་དོ། །དོན་ནི་གཞན་ལ་རང་ཉིད་རྟོག་གེའི་བསྟན་བཅོས་ལ་མཁས་པ་ཙམ་ཞིག་བསྟན་པའི་དོན་དུ། དབུའ་མའི་ལྟ་བ་ཁས་ལེན་བཞིན་དུ་རང་རྒྱུད་ཀྱི་སྦྱོར་བ་བྱས་སོ། །སྦྱོར་བ་དེ་ནི་ཟླ་བས་ཉེས་པ་དུ་མའི་རྒྱུར་རྟོགས་སོ། །ཙམ་སྒྲས་ནི་དབུའ་མའི་ (19b7) བསྟན་བཅོས་བསྟན་པར་འདོད་པ་གཅོད་དོ། །དབུའ་མའི་ལྟ་བ་ཅེས་པའི་ལྟ་བ་ནི་ཐ་སྙད་ཙམ་ཡིན་ཏེ་དངོས་པོ་ལ་ལྟ་བ་མེད་དོ། །ཡང་ནི་འགལ་བའི་རྒྱན་ཏེ་དབུའ་མའི་ལྟ་བ་འདོད་པ་ན་རང་རྒྱུད་ཀྱི་སྦྱོར་བ་མི་བྱེད་པར་བཤའ་བ་ལས་བྱེད་ཅེས་པའོ། ། བཤད་པ་ལ་དྲུག་ལས་ཁྱད་པར་དོན་མྱེད་སྤྱིར་བཤད་པ། ཇི་ལྟར་ཞེ་ན་ཞེས་པ་ལསོགས་པ་འབྱུང་ངོ་། །ཇི་ལྟར་ཞེ་ནའི་དོན་ནི་ལེགས་ (19b8) ཀྱི་སྦྱོར་བ་དེ་ལ་ཉེས་པ་དུ་མ་ཇི་ལྟར་ཡོད་ཅེས་འདྲི་བའོ། །ཉེས་པ་འབྱུང་པའི་རྟེན་སྦྱོར་བ་བསྟན་པ་དེ་ལ་རེ་ཤིག་གང་འདི་སྐད་དུ་འདིར་སྦྱོར་བའི་ཚིག་དུ་འགྱུར་བ་ནི་དོན་དམ་པར་ནང་གི་སྐྱེ་མཆེད་རྣམས་བདག་ལས་སྐྱེ་བ་མེད་པར་ངེས་ཏེ། ཡོད་པའི་ཕྱིར་དཔེར་ན་ཤེས་པ་ཡོད་པ་ཉིད་བཞིན་ནོ་ཞེས་སྨྲས་པ་ཡིན་ནོ་ཞེས་པ་ལསོགས་པའོ། །འདི་སྐད་དུ་ཅེས་པ་དང་སྨྲས་པ་ཡིན་ན་ཅེས་པ་ཟླ་གྲགས་ (20a1) ཀྱི་ཚིག་གོ ། འདིར་སྦྱོར་བ་ནས་ཤེས་རབ་སྒྲོན་མའི་ཚིག་གོ ། དོན་དམ་པར་ན་ནང་གི་སྐྱེ་མཆེད་རྣམས་ཞེས་པ་ཆོས་ཅན། བདག་ལས་སྐྱེ་བ་མེད་པར་ངེས་ཏེ་དམ་བཅའ། ཧེ་དུ་དང་དཔེའ་ནི་གསལ་ཏེ་ཤེས་པ་ནི་བདག་ལ་ཟེར་བའོ། །ལུང་ལས་མ་གསུངས་པས་ཁྱད་པར་དོན་མྱེད་བརྗོད་པར་འདོད་ནས་དྲིས་པ་ནི་འདིར་དོན་དམ་པ་ཞེས་བྱ་བའི་ཁྱད་པར་ཅི་ཕྱིར་ཉེ་བར་བཀོད་ (20a2) པ་ཡིན་ཅེས་པའོ། །ཅིའི་ཕྱིར་ཅེས་པས་ནི་རྒྱུ་མཚན་དྲིས་པ་ལ་མ་ཡིན་གྱི་དགོས་པ་འདྲི་བ་སྟེ། དོན་དམ་ཅེས་པའི་སྒྲ་སྨོས་པ་ལ་དགོས་པ་ཅི་ཡོད་རྣམ་གཅད་ཅི་གཅོད་ཅེས་པའོ། །དོན་ནི་དོན་དམ་ཅེས་པ་འདི་གང་གི་ཁྱད་པར་དུ་སྟོན་པ་ཡིན། ནང་གི་སྐྱེ་མཆེད་དོན་དམ་པ་པ་རྣམས་ཆོས་ཅན་ཅེས་ཆོས་ཅན་གྱི་ཁྱད་པར་དུ་སྨོས་སམ། དོན་དམ་པར་བདག་ལས་སྐྱེ་བ་མེད་ཅེས་ (20a3) སྒྲུབ་བྱའི་ཁྱད་དུ་སྨོས། །དེའི་ལན་དུ་ལེགས་ལྡན་གྱི་ཕྱོགས་པ་ཞིག་ན་རེ་དོན་དམ་ཆོས་ཀྱི་ཁྱད་པར་ཡིན་ནོ། །ཞེས་ཟེར་བ་བརྗོད་པ་གལ་ཏེ་འཇིག་རྟེན་ཞེས་པ་ནས་སོ། །དོན་འདི་ཡིན་ཏེ་འཇིག་རྟེན་པ་ཀུན་རྫོབ་ཏུ་སྐྱེ་བ་འདོད་པས་དེ་དགག་བྱ་མ་ཡིན་ལ་རྒྱ་ཞིག་ལ་དེ་བཀག་ན་ནི་རང་གི་ཁས་བླངས་ལ་གནོད་པར་འགྱུར་བའི་ཕྱིར། །དོན་དམ་ཆོས་གྱི་ཁྱད་པར་དུ་སྦྱོར་བའོ། ། (20a4) དེའི་ཁྱད་པར་དུ་མ་བྱས་ན་ནི་བདག་ལས་སྐྱེ་བ་མེད་ཅེས་པ་དེས་ཀུན་རྫོབ་ཏུ་བདག་ལས་སྐྱེ་བ་མེད་ཅེས་ཀུན་རྫོབ་ཀྱི་སྐྱེ་བ་བཀག་པར་འགྲོ་ལ། དེ་བཀག་ན་བུ་ཏའི་ལུང་དང་འགལ་བས་རང་གི་ཁས་བླངས་དང་འགལ་བར་འགྱུར་རོ། །འདི་ལྟར་བུད་དྷས་ལུང་ལས་བདག་སྐྱེ་ཀུན་རྫོབ་པ་ཡོད་དོ་ཞེས་གསུངས་ལ་ལུང་ནི་སངས་རྒྱས་པ་ཐམས་ཅད་ཀྱིས་ཁས་ལེན་ཏོ། །དེའི་ཕྱིར་ལུང་དང་འགལ་ན་ཁས་བླངས་དང་ (20a5) འགལ་བར་འགྱུར་བའོ། །དེས་ན་དགོས་པ་ནི་ལུང་དང་མི་འགལ་བ་ཡིན་རྣམ་གཅད་ནི་དོན་དམ་པའི་སྐྱེ་བ་གཅོད་ཀྱི་སྐྱེ་བ་ཀུན་རྫོབ་པ་མི་གཅོད་དེ་དོན་དམ་པར་བདག་ལས་སྐྱེ་བ་མེད་ཅེས་པ་ཀུན་རྫོབ་ཀྱི་སྐྱེ་བ་མི་འགོག་སྟེ། དོན་དམ་སྐྱེ་མྱེད་ཀྱི་འགལ་ཟླ་ནི་དོན་དམ་གྱི་སྐྱེ་བ་ཡིན་པའི་ཕྱིར་རོ། ། ལན་བཤད་པ་འདི་ནི་རིགས་པ་མ་ཡིན་ཏེ་ཞེས་པ་ནས་སོ། །དོན་ནི་ལུང་ལས་ཀུན་ (20a6) རྫོབ་ཏུ་བདག་ལས་སྐྱེ་བར་མ་བཤད་པས་ཁྱད་པར་དོན་མྱེད་དོ། །འདི་ལྟར་འབུ་ཏས་ཀུན་རྫོབ་ཏུ་བདག་ལས་སྐྱེ་བར་མ་གསུངས་པས། དབུའ་མ་པས་ཁས་བླངས་པ་མེད། ཁས་མ་བླངས་པ་ཙམ་མ་ཡིན་པས། ཕྱིར་ལ་ཀུན་རྫོབ་ཏུ་བདག་ལས་སྐྱེ་བ་བཀག་སྟེ། ས་ལུ་ལྗང་པའི་མདོའ་ལས་གསུངས་ཅེས་སྟོན་པ་ནི་མདོའ་ལས་ས་བོན་ཅེས་པ་ནས་སོ། །ས་བོན་གྱི་རྒྱུ་ལས་བྱུང་པའི་མྱུ་གུ་ (20a7) ནི་ཀུན་རྫོབ་པའི་ས་བོན་གྱི་རྒྱུ་ལས་མྱུ་གུ་བྱུང་པའོ། །བདག་གིས་མ་བྱས་ཅེས་པ་སྐབས་དོན་སྟེ་ཀུན་རྫོབ་ཏུ་ཡང་འབྲས་བུ་དེ་བདག་གིས་མ་བྱས་དེ་བཞིན་དུ་གཞན་དང་གཉིའ་ག་དང་དབང་ཕྱུག་དང་དུས་དང་རྡུལ་ཕྲ་རབ་དང་རང་བཞིན་དང་ངོ་བོ་ཉིད་དང་རྒྱུ་མེད་ལས་མ་སྐྱེས་སོ་ཞེས་གསུངས་སོ། །གཞན་ཡང་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཀྱང་བདག་སྐྱེས་ཀུན་རྫོབ་ཏུ་ཡང་བཀག་པ་སྟེ། (20a8) ས་བོན་ཡོད་ན་མྱུ་གུ་ཇི་བཞིན་སྟེ་ཞེས་པ་ལསོགས་པ་གསུངས་སོ། །འདི་ཉིད་ལས་ཀྱང་ཞེས་པ་ནས་མཐུན་པའི་གཙུག་ལག་གི་ཁུངས་ཀླུ་ཉིད་ཀྱིས་ཀྱང་བདག་སྐྱེ་ཀུན་རྫོབ་ཙམ་དུ་ཡང་བཀག་པའོ། །ཡོན་ཏན་ཆུངས་པ་བཤད་པ་གཞན་གྱི་ལུགས་ལ་ལྟོས་ཏེ་ཞེས་པ་ནས་སོ། །དོན་ནི་ཁྱད་པར་སྨོས་པའི་དགོས་པ་འདི་ལྟ་སྟེ་གྲངས་ཅན་པ་དོན་དམ་པར་བདག་ལས་སྐྱེ་བར་འདོད་ (20b1) པ་དེ་དགག་པའི་ཆེད་དུ་དོན་དམ་པར་བདག་ལས་སྐྱེ་བ་མེད་ཅེས་ཟེར་རོ། །ལན་ནི་དེ་ཡང་རིགས་པ་མ་ཡིན་ཏེ་ནས་སོ། །དོན་ནི་དགོས་པ་དེ་ལྟ་བུ་ཡོད་པ་བདེན་ཡང་ཁྱབ་ཆུངས་ཏེ། གྲངས་ཅན་གྱི་བདག་སྐྱེ་ནི་དོན་དམ་དང་ཀུན་རྫོབ་གཉིས་ཆར་དུ་འགོག་པའི་ཕྱིར་དང་ཁྱད་པར་གྱིས་ཆ་གཅིག་བཀག་པའི་ཕྱིར་རོ། །དེ་དག་ནི་མུ་སྟེགས་པའོ། །རྣམ་གཞག་ནི་སྤྱི་སྒྲ་ཡིན་ཡང་སྐབས་ཀྱིས་ (20b2) བདག་སྐྱེའི་རྣམ་གཞག་གོ ། ཁས་བླངས་པ་མེད་པ་ནི་ལོ་ཀ་པས་སོ། །དེས་ན་ལོ་གའི་གནོད་པ་ཡང་འོང་ངོ་། །ཇི་སྲིད་དུ་དེ་སྲིད་དུ་ཅེས་པ་ནི་མ་ལེགས་ཏེ་ཇི་སྲིད་ནི་དུས་སྟོན་པར་བྱེད་པ་ཡིན་ལ། ད་ལྟ་ནི་དུས་མི་སྟོན་གྱི་གྲངས་སྟོན་པའོ། །དེས་ན་སྒྲ་ཇི་ཙམ་ཅེས་པའམ་ཇི་སྙེད་ཅེས་པ་མཛེས་སོ། ། དེ་ལྟར་ན་གཞན་གྱི་ཅེས་པ་ནས་འཇུག་སྡུད་དོ། །ལོ་ག་པ་ (20b3) ལ་མ་གྲུབ་པས་དོན་མྱེད་པ་བསྟན་པ། གང་ལས་དེ་ལ་ཞེས་པ་ནས་སོ། །དོན་ནི་ལོ་ག་པས་བདག་ལས་སྐྱེ་བར་རྟོགས་པ། དེས་ན་དེ་ལ་ལྟོས་ནས་ཁྱད་པར་སྨོས་པ་དོན་ཡོད་དེ། །དོན་དམ་ཆོས་ཅན་གྱི་ཁྱད་པར་དུ་སྦྱར་ན་དགག་བྱ་ཀུན་རྫོབ་ཀྱི་བདག་སྐྱེ་བཀག་པར་གྱུར་ལ་དེ་བཀག་ན་འཇིག་རྟེན་གྱི་གྲགས་པ་དང་འགལ་བ་འོང་པའི་ཕྱིར་རོ་ཞེས་རྟོག་གོ ། དེའི་ལན་ནི་ལོ་ག་པས་ (20b4) བདག་སྐྱེ་རྟོགས་པར་མ་གྲུབ་སྟེ། ལོ་ག་པས་ནི་བདག་སྐྱེ་གཞན་སྐྱེ་ལསོགས་པའི་སྤྱད་པ་མི་ཤེས་ཀྱི། འདི་ལ་བརྟེན་ནས་འདི་འབྱུང་ཙམ་རྟོགས་པའོ་ཞེས་པ་སྟོན་ཏོ། །འཇིག་རྟེན་པས་ནི་ཞེས་པ་ནས་ལོ་ག་པའི་རྟོགས་ལུགས་འདི་ལྟར་ཡིན་ཞེས་འཆད་པའོ། །སློབ་དཔོན་ཡང་ཞེས་པ་ནི་ཀླུ་ཡང་བདག་སྐྱེ་གཞན་སྐྱེའི་དཔྱད་པ་དོར་ནས་འདི་ལས་འདི་འབྱུང་ཙམ་དུ་བཞེད་དོ་ཞེས་སྟོན་ (20b5) ཏོ། ། སྡུག་བསྔལ་བདག་གིས་བྱས་པ་དང་། ། གཞན་ཀྱིས་བྱས་དང་གཉི་གས་བྱས། ། རྒྱུ་མེད་པ་ལས་འབྱུང་པར་འདོད། ། ཁྱོད་ཀྱིས་རྟེན་ནས་འབྱུང་པར་གསུངས ཞེས་སོ། །དེའི་ཕྱིར་ཅེས་པ་ནས་འཇུག་བསྡུ་པའོ། །རྣམ་པ་ཅེས་པའི་རྣམ་པ་གསུམ་སྟེ། ལུང་ལས་གསུངས་པ་དང་། མུ་སྟེགས་དགག་པ་དང་། ལོ་ག་ལས་ཁྱད་པར་བྱེད་པའི་རྣམ་པ་གསུམ་དོན་མེད་པའོ། ། (20b6) ས་གཅོད་དེ་གསུམ་ཀ་ལྟར་ན་དོན་དམ་ཆོས་ཀྱི་ཁྱད་པར་དུ་བྱེད་པར་འདོད་ལ། དགོས་པ་མི་དྲ་བ་རེ་རེ་ཡོད་པར་འདོད་པའོ། ། ཆོས་ཅན་མ་གྲུབ་པ་ལ་གསུམ་ལས་དང་པོ་རང་ལ་མ་གྲུབ་པ་བཤད་པ། གཞན་ཡང་གལ་ཏེ་ཞེས་པ་ནས་སོ། །སྔར་བརྗོད་པའི་ཉེས་པས་འཇིགས་ནས་དོན་དམ་ཞེས་པ་དེ་ནི་ཁྱད་པར་ཆོས་ཅན་གྱི་ཁྱད་པར་ཡིན་ཏེ། །སྒྲུབ་བྱ་ནི་ཀུན་རྫོབ་པའི་བདག་སྐྱེ་འགོག་པ་ཡིན་ལ་ (20b7) དེའི་ཕྱིར་ཀུན་རྫོབ་པའི་བདག་སྐྱེ་འགོག་པར་འདོད་ནས་དོན་དམ་པར་ནང་གི་སྐྱེ་མཆེད་རྣམས་ཆོས་ཅན་ཞེས་ཆོས་ཅན་གྱི་ཁྱད་པར་དུ་འགོད་པར་བྱེད་དོ་ཞེ་ན། །གཞི་མ་གྲུབ་པ་སྟོན་ཏེ་དོན་དམ་པའི་མིག་ལསོགས་པ་ནི་ལེགས་ལྡན་རང་ཉིད་ལ་གྲུབ་པ་མྱེད་དོ། །གཞི་མ་གྲུབ་པ་ནི་ཆོས་ཅན་ནོ། །ཕྱོགས་ཀྱི་ཉེས་པ་འམ་ཞེས་པ་ནི་ཚད་མ་དང་མི་མཐུན་ཏེ་ཆོས་ཅན་མ་གྲུབ་པ་ན་སྒྲུབ་བྱ་ཡང་ (20b8) མི་འགྲུབ་པས་རྒྱུད་ནས་སྒྲུབ་བྱའི་ཉེས་པར་ཡང་སོང་པའོ། །གཞི་མ་གྲུབ་པའི་ཧེ་དུའི་སྐྱོན་ནི་ཚད་མ་དང་འདྲ་སྟེ། བདག་ཡོད་དེ་ཐམས་ཅད་ན་བདག་གི་ཡོན་ཏན་དམྱིགས་པའི་ཕྱིར་ཅེས་པ་ལྟ་བུའོ། །མདོར་བསྟན་ནོ། །དེ་ཉིད་བཤད་པ་ནི་རང་གིས་དོན་དམ་པར་མིག་ལསོགས་པ་ཞེས་པ་ནས་སོ། ། གཞན་ལ་མ་གྲུབ་པ་བཤད་པ་གལ་ཏེ་ཀུན་རྫོབ་ཏུ་ཞེས་པ་ནས་སོ། ། (21a1) རྒོལ་བ་དེའི་བསམ་པ་ནི་གཞི་མ་གྲུབ་པའི་ཉེས་པ་མི་གནས་ཏེ། དོན་དམ་ནི་ཆོས་ཅན་གྱི་ཁྱད་པར་དུ་མི་བྱེད་ཀྱི་ཆོས་ཅན་ནི་སྣང་བཞིན་པའི་མིག་ལསོགས་པ་ཀུན་རྫོབ་ཏུ་ཡོད་པ་འདི་འཇོག་ལ་དེ་ནི་གྲུབ་པས་སོ་ཟེར་རོ། །དེའི་ལན་བཤད་པ། །འོ་ན་དོན་དམ་པར་ཅེས་པ་འདི་གང་གི་ཁྱད་པར་ཡིན་ཅེས་སྨོས་སོ། །དོན་དམ་པར་ཅེས་པའི་ཚིག་འདི་ནི་བཀོད། (21a2) སྒྲུབ་བྱའི་ཆོས་ཀྱི་ཁྱད་པར་དུ་མི་སྨོས་ཅེས་ནི་གོང་དུ་སྨྲས། ཆོས་ཅན་གྱི་ཁྱད་པར་མ་ཡིན་ཅེས་ནི་ད་ལྟ་སྨྲས་པས་དེ་གང་ལ་སྦྱོར། །དེས་ན་སྦྱར་ས་མེད་པས་དོན་དམ་གྱི་ཅིག་ཅེས་གསུངས་སོ། ། དེའི་ལན་དུ་བསྟན་པ་གལ་ཏེ་མིག་ལསོགས་པ་ནས་ཏེ། ཡང་རྒོལ་བ་ན་རེ་དོན་དམ་སྒྲུབ་བྱའི་ཁྱད་པར་ཡིན་ཏེ། ཆོས་ཅན་ཀུན་རྫོབ་པ་མིག་སོགས་ཀྱི་སྟེང་དུ་དགག་བྱ་དོན་དམ་པའི་སྐྱེ་བ་ (21a3) འགོག་གོ་ཞེས་སྨའོ། །དེའི་ལན་དུ་བརྗོད་པ་མ་ཚང་བ་དང་ཚང་ན་ཡང་ཕ་རོལ་པོ་ལ་མ་གྲུབ་པར་བཤད་པ། །དེ་ལྟ་ན་ནི་འོ་ན་ཞེས་པ་ལསོགས་པའོ། །དོན་ནི་ཆོས་ཅན་དུ་ཀུན་རྫོབ་པ་ཡིན་ན་སྦྱོར་བ་འགོད་པ་ན་ཡང་མིག་ལསོགས་པ་ཀུན་རྫོབ་པ་རྣམས་ཆོས་ཅན་ཅེས་པ་ཀུན་རྫོབ་ཀྱི་སྒྲ་དངོས་སུ་བརྗོད་པར་རིགས་པར་རིགས་པ་ལས་དེ་སྐད་དུ་མ་བརྗོད་པའི་ཕྱིར་རོ། ། དེ་སྐད་སྨྲས་ (21a4) ན་ཡང་ཕ་རོལ་པོ་གྲངས་ཅན་རང་ཉིད་ལ་མ་གྲུབ་པར་འགྱུར་ཅེས་སྟོན་པ་ནི་སྨྲ་ན་ཡང་ཕ་རོལ་ཅེས་པ་ལསོགས་པའོ། །གྲངས་ཅན་གྱིས་མིག་སོགས་དོན་དམ་དུ་འདོད་པས་ཀུན་རྫོབ་པར་ཁས་མི་ལེན་ཏོ། །དེས་ན་ཆོས་ཅན་མ་གྲུབ་པོ། །རྫས་ནི་དོན་དམ་མོ། །བཏགས་པ་ནི་ཀུན་རྫོབ་པོ། །གཞན་ནི་གྲངས་ཅན་ནོ། ། ཐུན་མོང་བ་མ་གྲུབ་ཅེས་པ་ནི་ཆོས་ཅན་ (21a5) འཐུན་སྣང་མེད་ཅེས་སྟོན་པའོ། །འདི་ལ་གཉིས་ལས་དོན་མ་གྲུབ་པ་བརྗོད་པ་ཅི་སྟེ་སྒྲ་ཅེས་པ་ལསོགས་པའོ། །རྒོལ་བ་འདི་ནི་ལེགས་ཀྱི་ཕྱོགས་པ་ཞིག་གམ་ཡང་ན་གུད་ན་གནས་པ་ཞིག་གིས་རྒོལ་བའོ། །ལེགས་ཀྱི་ཕྱོགས་པ་ཡིན་ན་ནི་ཆོས་ཅན་ཙམ་པོ་སྒྲུབ་བྱ་དོན་དམ་གྱི་བདག་སྐྱེ་མྱེད་པར་བྱེད་དགོས་ཏེ། དེས་ཆོས་ཅན་དང་སྒྲུབ་བྱ་གཉིས་ཀ་ཙམ་པོར་འདོད་པ་ཡང་འདྲའོ། ། (21a6) གཉིས་ཀ་ཙམ་པོར་འདོད་ན་གུད་ན་གནས་པར་འཐད་དེ། ལེགས་ལྡན་གྱི་དོན་དམ་སྨོས་པས་གང་རུང་གཅིག་གི་ཁྱད་པར་དུ་སྨོས་དགོས་སོ། །རྒོལ་བའི་བསམ་པ་ནི་འདི་ཡིན་ཏེ་གྲུབ་མཐའི་སྒོ་ནས་ཆོས་ཅན་འཇོག་ན་གྲུབ་མཐའ་མི་འཐུན་པ་རྣམས་ལ་འཐུན་སྣང་ལསོགས་པ་མི་འོང་། །དེས་ན་ཆོས་ཅན་ནི་གྲུབ་མཐས་ཁྱད་པར་དུ་མྱི་བྱེད་པར་སྤྱི་ལྡོག་ཞིག་འཇོག་སྟེ་སྒྲ་མི་རྟག་ཅེས་པའི་ (21a7) སྐབས་སུ་ཆོས་ཅན་དུ་སྒྲ་ཙམ་པོ་གཞག་ནས་སྒྲུབ་བྱ་ཡང་མི་རྟག་པའི་སྤྱི་སྒྲུབ་པའོ། །ཁྱད་པར་འཇོག་ཅིང་སྒྲུབ་ན་ནི་ཐ་སྙད་ཉམས་ཏེ། །དང་པོ་སངས་རྒྱས་པ་རྒོལ་བར་བྱས་བྱེ་བྲག་པ་ཕྱིར་རྒོལ་དུ་བྱས་ཏེ་ཡང་འཐུན་སྣང་། འབྱུང་པ་ལས་གྱུར་པའི་སྒྲ་ཆོས་ཅན་དུ་འཇོག་ན་ནི་བྱེ་བྲག་པ་ལ་མ་གྲུབ་སྟེ། དེ་ནི་སྒྲ་ཚིག་གི་དོན་དྲུག་ལས་འབྱུང་པར་འདོད་པའི་ཕྱིར་རོ། ། (21a8) འོན་ཏེ་ནམ་མཁའི་ཡོན་ཏན་གྱི་སྒྲ་འཇོག་ན་ནི་སངས་རྒྱས་པ་ལ་མ་གྲུབ་པོ། །དེ་བཞིན་དུ་བྱེ་བྲག་པ་རྒོལ་བ གྲངས་ཅན་སྤྱོད་པ་པ་ཕྱིར་རྒོལ་དུ་བྱས་ཏེ་ཡང་འཐུན་སྣང་མེད་དེ་བྱས་པའི་སྒྲ་ཆོས་ཅན་དུ་བྱས་ན་གྲངས་ཅན་ལ་མ་གྲུབ། མངོན་གསལ་གྱི་སྒྲ་འཇོག་ན་བྱེ་བྲག་པ་ལ་མ་གྲུབ་པོ། །ཆོས་ཅན་མཐུན་སྣང་མེད་པ་ལྟར་སྒྲུབ་བྱ་ཡང་འཐུན་པ་མེད་དེ། འཇིག་པ་རྒྱུ་བཅས་ཀྱི་མི་རྟག་པ་ (21b1) སྒྲུབ་ན་སངས་རྒྱས་པ་ལ་མ་གྲུབ་རྒྱུ་མེད། དེའི་ཕྱིར་ཆོས་ཅན་དང་ཆོས་གཉི་གའི་སྤྱི་ཙམ་འཛིན་པ་ལྟར་འདིར་ཡང་དོན་དམ་ཀུན་རྫོབ་ཀྱི་ཁྱད་པར་དོར་ནས་སྣང་བ་ཙམ་ཆོས་ཅན་ཡིན་པར་གྲུབ་པོ་ཞེ་ན། ལན་བཤད་པ། དེ་ནི་དེ་ལྟར་མ་ཡིན་ཏེ་ཅེས་པ་དམ་བཅའོ། །འཐད་པ་བསྟན་པ་འདི་ལྟར་གང་གི་ཚེ་ཞེས་པ་ལསོགས་པའོ། །ཆོས་ཅན་འཐུན་སྣང་མེད་པའི་ཚུལ་ (21b2) ནི་འདི་ལྟ་སྟེ། དབུ་མ་པ་དང་རང་རྒྱུད་པ་གཉིས་ལ་འཐུན་པ་མེད་ཅེས་ནི་དངོས་སུ་མི་བརྗོད། རང་རྒྱུད་པ་རང་ལ་འཐུན་སྣང་མེད་དེ་འདི་ལྟར་དངོས་སྨྲ་དང་རང་རྒྱུད་པས་གཞན་དོན་རྗེས་དཔག་གི་སྦྱོར་བ་འགོད་དགོས་པའི་ཕྱིར་རྒོལ་བ་ཡིན་ལ། གཞན་དོན་རྗེས་དཔག་བྱེད་པས་རང་ལ་རང་དོན་རྗེས་དཔག་སྐྱེས་ཟིན་ཏེ། །ཇི་ལྟར་ཚུལ་གསུམ་པའི་རྟགས་ལས་རྟགས་ཅན་གྱི་ཤེས་པ་ཇི་ལྟར་སྐྱེས་པ་ (21b3) དེ་ཁོ་ན་ལྟར་གཞན་ལ་བསྟན་པར་འདོད་ནས་སྒྲ་བརྗོད་པ་ཞེས་འབྱུང་པའི་ཕྱིར་རོ། །དེས་ན་བརྒོལ་བ་ལ་ཆོས་ཅན་བརྫུན་པ་ཕྱིན་ཅི་ལོག་དུ་སྣང་། ཕྱིར་རྒོལ་ད་རུང་རྗེས་དཔག་མ་སྐྱེས་པས་བདེན་པ་རང་བཞིན་ཅན་དུ་སྣང་བས་དེ་ལྟར་ན་བདེན་བརྫུན་གཉིས་ལ་འཐུན་པ་མྱེད་དོ། །དེ་བཞིན་དུ་རང་རྒྱུད་པ་དང་དབུའ་མ་པ་ལ་ཡང་འཐུན་པ་མེད་དོ། །རང་རྒྱུད་པ་འམ་འོ་སྐོལ་ལ་ལྟོས་ (21b4) ནས་ཆོས་ཅན་ཕྱིན་ལོག་ཀུན་རྫོབ་སྟེ། སྣང་ཞིང་བདེན་པས་སྟོང་པའི་ཕྱིར་ཀུན་རྫོབ། བུད་དྷ་ལ་ལྟོས་ནས་ཆོས་ཅན་ཡེ་མེད་ཡིན་ཏེ་ཕྱིན་ཅི་མ་ལོག་པ་མཁྱེན་པའི་ཕྱིར་རོ། །སྣང་སྣང་ཐམས་ཅད་ནི་ཉོན་མོངས་པ་དང་ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པའི་སྟོབས་ཀྱིས་སྣང་བ་ཡིན་ལ། བུ་དྷ་ལ་ཁྱབ་བྱེད་མ་རིག་པ་གཉིས་པོ་མྱེད་པས་ཁྱབ་བྱ་སྣང་བ་མི་མངའོ། ། (21b5) དཔེར་ན་རབ་རིབ་ཅན་གྱི་ཚེ་སྐྲ་ཤད་འཛག་པ་སྣང་ལ། རབ་རིབ་བྱང་པ་ན་སྣང་བ་མེད་པ་ལྟ་བུའོ། །སྐྲ་ཤད་མི་སྣང་བ་དེ་ན་ཡོད་པ་མི་སྣང་བ་མ་ཡིན་གྱི་ཡོད་པ་གཏན་མི་སྲིད་པས་མི་སྣང་བའོ། །དེ་བཞིན་དུ་ཆོས་ཅན་ཡོད་པ་ལ་སངས་རྒྱས་ལ་མི་སྣང་བ་མ་ཡིན་ནོ། ། དོན་བཤད་ནས་གཞུང་བཤད་པ། སྐྱེ་བ་བཀག་པའི་དོན་དམ་གྱི་སྐྱེ་བ་བཀག་པའོ། །དེའི་ཅེས་པ་ (21b6) སྒྲུབ་བྱ་དེའི་འོ། །རྟེན་ཆོས་ཅན་ནི་རྟེན་ཡང་ཡིན་ཆོས་ཅན་ཡིན་པ་སྟེ་སྒྲ་ལསོགས་པའོ། །ཕྱིན་ཅི་ལོག་ནི་མི་བདེན་པའོ། །ཉམས་པ་ནི་ཐུན་མོང་པ་ཉམས་པའོ། །འདིས་རྒོལ་བ་སྟེ་རང་རྒྱུད་པའོ། །ཕྱིན་ཅི་ལོག་པ་དང་མ་ལོག་པ་ནི་ལོ་ག་དང་བུ་ཏའི་སྣང་བ་ཀུན་རྫོབ་དང་དོན་དམ་མོ། །དེའི་ཕྱིར་ནས་ག་ལ་འགྱུར་ཅེས་པའི་བར་གྱིས་ཕྱིན་ (21b7) ཅི་ལོག་བཤད་དོ། །ཡོད་པ་ནི་བདེན་པར་ཡོད་པའོ། །གང་གི་ཚེ་ནས་ག་ལ་ཡོད་ཅེས་པའི་བར་གྱིས་ཕྱིན་ཅི་མ་ལོག་པ་བསྟན་ཏོ། །གང་གིས་ན་ཅེས་པ་ནི་ཡོད་པ་མ་ཡིན་པའི་དོན་ཆ་ཙམ་ཡང་དམྱིགས་པ་གང་གིས་སོ། །དོན་འདི་ཡིན་ཏེ་ཀུན་རྫོབ་ཏུ་ཡོད་པ་ལ། ཡོད་པ་མ་ཡིན་པའི་དོན་ཆ་ཙམ་ཡང་དམྱིགས་པས་ཁྱབ་ལ། བུ་ད་ལ་ཁྱབ་ (21b8) བྱེད་དེ་ལོག་པའོ། །དེ་ཉིད་ཀྱི་ཕྱིར་ཅེས་པ་ནས་ནི་ཀླུས་ཀྱང་བདེན་པའི་དངོས་པོ་མི་སྣང་བར་གསུངས་ཅེས་ཁུངས་བཏོན་པའོ། །གང་གི་ཕྱིར་ཅེས་པ་ནས་བུ་ཏ་ལ་ལྟོས་ནས་ཆོས་ཅན་ཡེ་མེད་ཡིན་པས་འཐུན་སྣང་མེད་པར་བསྟན་ཏོ། །དེའི་ཕྱིར་གཞི་ཅེས་པ་ལསོགས་པ་འཇུག་པའོ། །ལྡོག་པ་མེད་པ་ནི་རང་རྒྱུད་པ་ལའོ། ། དཔེའ་མི་འཐུན་པ་ (22a1) བཤད་པ། དཔེའ་ལ་ཡང་ཞེས་པ་ལསོགས་པའོ། །དོན་སངས་རྒྱས་པ་འགའ་ཞིག་དང་བྱེ་བྲག་པ་དང་སྤྱོད་པ་བ་གཉིས་ལ་ཆོས་ཅན་དང་དཔེའ་དང་སྒྲུབ་བྱ་འཐུན་པ་གྲུབ་པ་ཡོད་ཀྱང་དབུའ་མ་པ་དང་རྒོལ་བ་པོ་ལ་ནི་སྟོང་མི་སྟོང་གཉིས་ཀྱི་སྤྱིའི་མིག་གྲུབ་པ་གཏན་མེད་པའི་ཕྱིར་དཔེའ་འཐུན་པ་ཡང་མེད་ཅེས་སྟོན་ཏོ། །དེར་ནི་ཅེས་པ་ནས་ཡང་ཡོད་ (22a2) ན་ཅེས་པའི་བར་ཆོས་ཅན་སྒྲ་སྤྱི་དང་སྒྲུབ་བྱ་མི་རྟག་པ་གཉིས་ཀྱི་སྤྱི་འཐུན་སྣང་ཡོད་པ་བསྟན་ཏེ། དེ་བཞིན་ཞེས་པ་ནས་མེད་པའི་ཕྱོགས་སོ། ། ཡོད་པའི་ཧེ་དུ་ལ་ཡང་མཚུངས་པ་བཤད་པ་གཞིའ་མ་གྲུབ་པའི་ཅེས་པ་ལསོགས་པའོ། །དོན་ནི་གཞིའ་མ་གྲུབ་པ་ལ་བརྗོད་པའི་བརྟག་པ་དེ་གཉིས་ཧེ་དུ་ལའང་འོང་ཏེ། རང་རྒྱུད་ཀྱི་ཡོད་པའི་ཕྱིར་ཅེས་པ་འདི་ཀུན་ (22a3) རྫོབ་ཏུ་ཡོད་པའི་ཕྱིར་ཟེར་རམ་དོན་དམ་དུ་ཕྱོགས་དང་པོ་ནི་ཕ་རོལ་པོ་ལ་མ་གྲུབ་སྟེ། གྲངས་ཅན་ནི་ཡོད་པའི་ཧེ་དུ་དོན་དམ་དུ་འདོད་པའི་ཕྱིར་རོ། །གཉིས་པ་ལྟར་ན་ལེགས་ལྡན་རང་ལ་མ་གྲུབ་སྟེ། རང་ཉིད་དོན་དམ་གྱི་ཡོད་པ་ཁས་མི་ལེན་པའི་ཕྱིར་རོ། ། གལ་ཏེ་ཡོད་པའི་ཧེ་དུ་ལ་བརྟག་པ་དེ་མི་འཇུག་གོ་ཟེར་ན། བརྟག་པ་དེ་རང་ཉིད་ཀྱིས་ཁས་བླངས་པ་ཡིན་ (22a4) ཅེས་སྟོན་པ་ནི་དེ་ལྟ་བུ་དེ་ནི་ཞེས་པ་ལསོགས་པའོ། །ཅི་ལྟར་ཞེ་ན་ཅེས་པ་ནི་ཁས་ཇི་ལྟར་བླངས་ཅེས་དྲིས་པ་འོ། །ཁས་བླངས་པའི་ཚུལ་སྟོན་པ་ནི་ནང་གི་སྐྱེ་མཆེད་ཅེས་པ་ལསོགས་པའོ། །ནང་གི་ནས་བཞིན་ནོའི་བར་ནི་ཤེས་རབ་སྒྲོན་མ་ན་ཡོད་དེ། །དངོས་སྨྲས་དབུའ་མ་པ་ལ་སྦྱོར་བ་འདི་བཀོད་པའོ། །ནང་གི་སྐྱེ་མཆེད་རྣམས་ཆོས་ཅན། (22a5) སྐྱེད་པར་བྱེད་པ་རྒྱུ་ལསོགས་པ་ནི་ཡོད་པ་ཁོ་ན་སྟེ། དེ་ལྟར་དེ་བཞིན་གཤེགས་པས་གསུངས་པའི་ཕྱིར་རོ། གཞུང་ལྷག་མ་ནི་ཁྱབ་པའོ། །དེ་ལ་ལེགས་ལྡན་གྱིས་བརྟག་པ་འདི་ལྟར་བྱ་སྟེ། འདིར་ཁྱོད་ཀྱི་ཧེ་དུར་འདོད་པའི་དོན་གང་ཡིན་དེ་བཞིན་གཤེགས་པས་ཀུན་རྫོབ་ཏུ་དེ་སྐད་གསུངས་པའི་ཕྱིར་ཟེར་རམ། འོན་ཏེ་དོན་དམ་དུ་གསུངས་པའི་ཕྱིར་ཟེར་དང་པོ་ལྟར་ན་དངོས་སྨྲ་རང་ལ་མ་གྲུབ་སྟེ་རང་དོན་དམ་དུ་འདོད་པས་སོ། ། (22a6) འོན་ཏེ་དོན་དམ་པར་ཡོད་ན་རང་ལ་མ་གྲུབ་སྟེ། དོན་དམ་གྱི་ཡོད་པ་ཁས་མི་ལེན་ཏེ། གང་ཚེ་ཆོས་ནི་ཡོད་པ་དང་ཞེས་པ་ལས་སྒྲུབ་བྱེད་མེད་པར་གསུངས་སོ། །ཆོས་ནི་འབྲས་བུ་ཡིན་ལ། ཡོད་མེད་ལསོགས་པ་དེ་ཉིད་ཤད་དེ། ཅི་ལྟར་རྒྱུ་ཅེས་པ་ནི་སྒྲུབ་བྱེད་ཡིན་ལ་སྒྲུབ་བྱེད་ཡིན་པ་ལ་སྒྲུབ་བྱ་འབྲས་བུ་ཞིག་དགོས་སོ། །སྒྲུབ་བྱ་ཡོད་པར་མི་འཐད་དེ། སྒྲུབ་བྱ་ཡོད་པ་འམ་མེད་ (22a7) པའི་གཉི་ག་སྒྲུབ། དེ་གང་ཡང་མི་འཐད་ཅེས་པའོ། ། དེའི་ཕྱིར་ཅེས་པ་ནས་འཇུག་བསྡུ་བའོ། །སྒྲུབ་པར་བྱ་བ་ནི་རྐྱེན་བཞི་པོ་ཡོད་པར་སྒྲུབ་པའོ། །སྒྲུབ་པར་བྱེད་པ་ནི་ཧེ་དུ་སྟེ་དེ་བཞིན་གཤེགས་པས་གསུངས་པའི་ཕྱིར་ཅེས་པའོ། །མ་གྲུབ་པ་ནི་དོན་དམ་ཀུན་རྫོབ་ཀྱི་བརྟག་པས་རང་ངམ་གཞན་ལ་མ་གྲུབ་པའོ། །འགལ་བའི་དོན་ནི་ཀུན་རྫོབ་ཏུ་ཡོད་པར་གསུངས་པའི་ (22a8) ཕྱིར་དོན་དམ་དུ་ཡོད་ཟེར་ན་འགལ་བའོ། །འདིས་ནི་ལེགས་ལྡན་ནོ། །འདི་སྨྲས་ནི་དོན་དམ་ཀུན་རྫོབ་ཀྱིས་གང་རུང་ལ་མ་གྲུབ་པ་འདི་སྨྲས་སོ། ། ། ། སྒྲུབ་བྱེད་གཞན་ལ་སྦྱར་བའི་དོན་ནི་ཧེ་དུ་ལ་དོན་དམ་ཀུན་རྫོབ་གཉིས་ཀྱི་བརྟག་པ་བྱས་པས་གང་རུང་རེ་རེ་ལ་མ་གྲུབ་པར་འགྱུར་བ་དེ། ལེགས་ལྡན་གྱིས་ཤེས་རབ་སྒྲོན་མར་སྦྱོར་སྨྱོན་དཔག་དུ་མེད་པ་བཀོད་པ་ཐམས་ཅད་ལ་སྐྱོན་དེ་འབྱུང་ངོ་ (22b1) ཞེས་སྟོན་ཏེ། དེ་ཉིད་བཤད་པ་གང་གི་ཕྱིར་དེ་ལྟར་ཞེས་པ་ལསོགས་པའོ། །དངོས་པོའི་ཆོས་ནི་སྒྲུབ་པའི་ཆོས་རྟགས་སུ་གཏོང་པ་སྟེ་ཡོད་པའི་ཕྱིར་ཅེས་པའོ། །འདིས་སྒྲུབ་ཆོས་རྟགས་སུ་བཀོད་པ་ཐམས་ཅད་ལ་བརྟག་པ་དེའོ། །དགག་པའི་ཆོས་རྟགས་སུ་བཀོད་པ་ལ་དཔྱད་པ་དེ་མི་འོང་པ་སྐད་བསྟན་ཡང་མཉམ་པོར་འབྱུང་ངོ་། །སོགས་ཀྱིས་དཔེའ་མ་གྲུབ་པའོ། །རང་ལ་མ་གྲུབ་པ་ནི་ལེགས་ (22b2) ལྡན་རང་ཉིད་ལ་སྟེ་དོན་དམ་གྱི་དོད་པ་རྟགས་སུ་བཀོད་པ་ཐམས་ཅད་རང་ལ་མ་གྲུབ་པར་བཤད། དོན་གྱིས་ཀུན་རྫོབ་ཀྱི་ཡོད་པ་བཀོད་ན་གཞན་ལ་མ་གྲུབ་པ་ཡང་གོའོ། ། ལེགས་ལྡན་གྱི་སྦྱོར་བ་མང་དུ་ཡོད་ཀྱང་འདིར་གཙོའ་བོ་དྲུག་སུན་འབྱིན་བྱེད་དེ་གཞན་དེས་མཚོན་པའོ། །སྦྱོར་བ་དང་པོ་ཤེས་རབ་སྒྲོན་མའི་སྐྱེ་མཆེད་བརྟག་པ་ན་ཡོད་པ་བཤད་པ། འདི་ལྟ་སྟེ་དོན་དམ་པར་ནང་གི་སྐྱེ་མཆེད་རྣམས་དེ་དག་གི་ (22b3) རྐྱེན་གཞན་དག་ལས་སྐྱེ་བ་མེད་དེ་དམ་བཅའ་གཞན་ཡིན་པའི་ཕྱིར་རོ་ཧེ་དུ། དཔེར་ན་བུམ་པ་བཞིན་དཔེའ་ཏེ། བུམ་པ་མིག་ལས་གཞན་ཡང་ཡིན་ལ། མིག་སྐྱེད་པའི་རྒྱུས་ཀྱང་མ་སྐྱེད་པས་སྒྲུབ་དང་ཧེ་དུ་གྲུབ་པོ། །དམ་བཅའི་དོན་ནི་མིག་དེ་ཕ་མ་ལསོགས་པ་ལས་མི་སྐྱེ་ཅེས་པའོ། །ཧེ་དུ་ནི་མིག་དང་སྐྱེད་བྱེད་ཕ་མ་ལསོགས་པ་ཐ་དད་པའི་ཕྱིར་ཅེས་པ་ལསོགས་པའོ། །ཧེ་དུ་འདི་ཡང་དོན་དམ་ (22b4) པ་ཡིན་ན་རང་ལ་མ་གྲུབ་པོ། ། སྦྱོར་བ་གཉིས་པ་ནི་ཡང་ན་དོན་དམ་པར་གཞན་གྱིས་བརྗོད་པར་འདོད་པ་མིག་ལསོགས་པ་ནང་གི་སྐྱེ་མཆེད་འགྲུབ་པར་བྱེད་པ་དག་ཆོས་ཅན། རྐྱེན་མ་ཡིན་པར་ངེས་ཏེ་དམ་བཅའ་གཞན་ཡིན་པའི་ཕྱིར་ཧེ་དུ་དཔེར་ན་རྣལ་མ་ལསོགས་པ་བཞིན་ནོ་ཞེས་པ་ནི་དཔེའ་སྟེ། རྣལ་མ་ནི་རྐྱེན་ཕ་མ་ལས་ཐ་དད་ཅིང་ཕ་མས་མ་སྐྱེད་པས་སྒྲུབ་བྱ་སྒྲུབ་བྱེད་གྲུབ་པའོ། ། (22b5) འདི་ནི་རྒྱུའི་ཕྱོགས་ནས་བཀོད། སྔ་མ་ནི་འབྲས་བུའི་ཆ་ནས་སྦྱོར་བ་བྱས་པའོ། །དམ་བཅའ་ནི་རྐྱེན་ཕ་མ་དང་རྒྱུ་ལས་མིག་ལསོགས་པའི་སྐྱེད་བྱེད་མ་ཡིན་པའོ། །རྟགས་དེ་ཡང་དོན་དམ་གྱི་ཡོད་པ་གཏོང་ན་རང་ལ་མ་གྲུབ་པོ། ། ལེགས་ལྡན་ལ་དངོས་པོར་སྨྲ་བས་སྦྱོར་བ་བཀོད་པ་ལ་ལེགས་ཀྱིས་བརྟག་པ་བྱས་པའི་ཚུལ་གཅིག་ཡང་སྟོན་ཏེ། སྔ་མ་དྲན་པ་ལ་དྲན་པ་གསོའ་བའི་ཕྱིར་ཧེ་དུའི་བརྟག་པ་དེ་ནི་ (22b6) དང་པོ་བྱེད་མཁན་ཁྱོད་རང་ཡིན་ཅེས་བཤད་པ། ཇི་ལྟར་འདིས་ནང་གི་སྐྱེ་མཆེད་རྣམས་ཆོས་ཅན་སྐྱེས་པ་ཁོ་ན་ཡིན་ཏེ་དམ་བཅའ། དེ་དག་གི་ཡུལ་དང་ལྡན་པའི་ཐ་སྙད་ཁྱད་པར་ཅན་བྱེད་པའི་ཕྱིར་ཧེ་དུའོ། །དོན་འདི་ཡིན་ཏེ་བདག་གི་རྣམ་ཤེས་ཀྱིས་ལྷ་སྦྱིན་མཐོང་ནས་ཡོད་དོ་འགྲོའོ་ཞེས་ལུས་ངག་གི་ཐ་སྙད་བྱས་པའི་ཚེ་གམ་ན་འདུག་པ་ཞིག་ན་རེ་མིག་གི་རྣམ་ཤེས་ཆོས་ཅན་སྐྱེས་ཟིན་པ་ཁོ་ན་སྟེ། (22b7) ཡུལ་ལྷ་སྦྱིན་ཡོད་པའི་ཐ་སྙད་ཁྱད་པར་ཅན་བྱེད་པའི་ཕྱིར། དཔེར་ན་རྣ་བས་སྒྲ་ཐོས་ནས་ཡོད་པའི་ཐ་སྙད་བྱེད་པ་བཞིན་ཞེས་པ་ལྟ་བུའོ། ཧེ་དུ་དེ་ལ་དོན་དམ་ཀུན་རྫོབ་ཀྱིས་མ་གྲུབ་པའི་བརྟག་པ་བྱས་སོ། །བརྟག་པའི་ཚུལ་བརྗོད་པ་འདི་སྐད་དུ་འདི་སྨྲས་པ་ཡིན་ཏེ་ཞེས་སྦྱར་རོ། །སྨྲས་ལུགས་བཤད་པ་འོན་ཏེ་དོན་དམ་པར་ནས་སོ། །རྣལ་འབྱོར་པ་ནི་བུ་ཏའོ་དེ་ལ་ཁྱད་པར་གཉིས་ཏེ། (22b8) མཉམ་པར་གཞག་པ་དང་། དངོས་པོ་ཇི་ལྟ་བ་བཞིན་གཟིགས་པའོ། །ཡང་ན་རྣལ་འབྱོར་པ་ནི་བྱང་ཆུབ་སེམས་དཔའ་འང་བཟུང་སྟེ། དེའི་མཉམ་གཞག་གི་ཤེས་རབ་ཀྱིས་དངོས་པོའི་ཡང་དག་པ་མཐོང་བ་འོ། །སྐྱེ་བ་ནི་སྒྲུབ་བྱའོ། །འགྲོ་བ་ནི་ཧེ་དུའོ། །སོགས་ཀྱིས་ཧེ་དུ་གཞན་ནམ་དཔེའ་བསྡུའོ། །དེ་དག་ནི་མིག་སོགས་སོ། །འགྲོ་བ་ཡང་ཅེས་པ་ལསོགས་ཀྱིས་ནི་ (23a1)། སྒྲུབ་བྱ་བཀག་པས་ཧེ་དུ་ཡང་བཀག་ཅེས་པ་ལསོགས་པའོ། ། སྦྱོར་བ་གསུམ་པ་འགྲོ་འོང་བརྟག་པ་ལས་བསྟན་པ་བཤད་པ། དེ་བཞིན་དུ་ཞེས་པ་ནས་སོ། །མ་སོང་བའི་ལམ་ཆོས་ཅན་འགྲོ་བ་མེད་དེ་དམ་བཅའ་ལམ་ཡིན་པའི་ཕྱིར་ཧེ་དུ། དཔེའ་ནི་སོང་བའི་ལམ་སྟེ། སོང་བའི་ལམ་ལ་ལམ་ཡིན་པ་དང་འགྲོ་བ་མེད་པ་གཉིས་ཀ་གྲུབ་པོ། །རྟགས་དོན་དམ་པ་པ་ཡིན་ན་ (23a2) རང་ལ་མ་གྲུབ་པོ། ། ཡང་སྐྱེ་མཆེད་བརྟག་པ་ལ་བཤད་པའི་སྦྱོར་བ་བཞི་པ་བརྗོད་པ་དོན་དམ་པར་བརྟེན་པ་དང་བཅས་པའི་མིག་ནི་ཆོས་ཅན། གཟུགས་ལ་ལྟ་བར་མི་བྱེད་དེ་དམ་བཅའ། མིག་གི་དབང་པོ་ཡིན་པའི་ཕྱིར་ཧེ་དུ། དཔེའ་ནི་དེ་དང་མཚུངས་པའོ། །ཡུལ་ལ་མི་ལྟ་བའི་དབང་པོ་ནི་དེ་མཚུངས་ཡིན་ལ། དེ་ལ་དབང་པོ་ཡིན་པ་དང་གཟུགས་ལ་མི་ལྟ་བ་གྲུབ་པོ། རྟགས་དོན་དམ་པ་པ་ཡིན་ན་རང་ལ་ (23a3) མ་གྲུབ་པོ། །ཆོས་ཅན་རྟེན་མཚུངས་ནི་གཟུགས་ལ་ལྟ་བའི་མིག་གོ ། ལྔ་པ་དང་དྲུག་པ་སླ་སྟེ། དོན་དམ་པའི་འབྱུང་འགྱུར་དང་འབྱུང་པ་རང་ལ་མ་གྲུབ་པོ། ། ཡོད་པའི་ཧེ་དུ་མ་ངེས་པའི་དོན་ནི་གྲངས་ཅན་ལེགས་ལྡན་ལ་འདི་སྐད་ཟེར་ཏེ། ཁྱོད་ཀྱི་ཧེ་དུ་དེ་བདག་ལྟར་སྐྱེ་བ་མེད་དམ་མངོན་པར་མི་གསལ་བའི་བུམ་པ་ལྟར་སྐྱེ་ལྡན་ཡིན་ནམ་ཐེ་ཙོམ་ཟ་བ་མ་ངེས་ཟེར། །ལན་དུ་ལེགས་ལྡན་གྱིས་བུམ་པ་ (23a4) ཡང་སྐྱེ་མེད་ཡིན་པས་དེ་ལ་ཧེ་དུ་ཡོད་པ་ནི་མ་ངེས་པ་ཡིན་ཅེས་སོ། །དེ་ལ་གྲངས་ཅན་ན་རེ་བུམ་པ་ལསོགས་པ་ཆོས་ཅན་ཅེས་དེ་ལྟར་བྱས་ན་ནི་བུམ་པ་འཐུན་ཕྱོགས་ཡིན་པས་མ་ངེས་པ་མེད་ཀྱང་དེ་སྐད་མ་སྨྲས་པས་མ་ངེས་སོ། །ཞེས་ལོ་ཙ་འཆད་དོ། ། གཞུང་གི་དོན་ཕ་རོལ་པོ་ནི་གྲངས་ཅན་ནོ། །ཤེས་པ་ནི་སྐྱེས་བུ་འཐུན་ཕྱོགས་སོ། །བུམ་པ་ནི་མི་མཐུན་པའོ། །གལ་ཏེ་ཉེས་པ་དེ་མེད་དེ་སྐྱེས་བུ་འམ་ (23a5) མངོན་གསལ་ལས་གཞན་པ་ཐམས་ཅད་ཆོས་ཅན་ཡིན་པས་མངོན་པར་མི་གསལ་བའི་བུམ་པ་ཡང་ཆོས་ཅན་ནོ། ། དེས་ན་ཆོས་ཅན་དང་མཐུན་པས་འཐུན་ཕྱོགས་ལ་རྟགས་ཡོད་པས་མ་ངེས་པ་མ་ཡིན་ཅེས་བརྗོད་པ་གལ་ཏེ་བུམ་པ་ལསོགས་པའོ། །དེའི་ལན་དུ་གྲངས་ཅན་ན་རེ་བུམ་པ་འཐུན་ཕྱོགས་ཡིན་པར་མ་བརྗོད་པའི་ཕྱིར་ཅེས་སོ། །ལན་འདི་པས་རྒྱུ་མྱེད་དེ་འཐུན་ཕྱོགས་ཡིན་པ་ཐམས་ཅད་སྨྲ་ཅི་དགོས་དངོས་པོ་ལ་འཐུན་ (23a6) ཕྱོགས་ཡིན་པས་ཆོག་གོ །ཧེ་དུ་ཡོད་པ་དེ་སྐྱེ་བ་ལྡན་ཡིན་ནམ་སྐྱེ་མེད་ཡིན། དང་པོ་ནི་འགལ་ཏེ་ཧེ་དུ་སྐྱེ་བ་ཡོད་པས་སྐྱེ་མེད་སྒྲུབ་པར་སོང་། །གཉིས་པ་ནི་མ་གྲུབ་སྟེ་ཆོས་ཅན་འཇིམ་པ་ལ་སྐྱེ་མྱེད་ཀྱི་ཡོད་པ་གྲུབ་པར་གྲངས་ཅན་མི་འདོད་དོ། །དེས་ན་ཧེ་དུ་ཡོད་པ་ཙམ་པོ་ཅིག་གཏོང་དགོས་ལ། །དེ་བདག་ལྟར་ན་ཧེ་དུ་འཐུན་ཕྱོགས་མི་འཐུན་ཕྱོགས་གཉིས་ཀ་ལ་དངོས་སུ་ཞུགས་པས་མ་ངེས་ཅེས་སྨྲས་པའོ། ། (23a7) ལེགས་ན་རེ་བུམ་པ་ཡང་སྒྲུབ་བྱའི་ཆོས་ལྡན་ཡིན་པས་དེ་ལ་རྟགས་ཞུགས་པས་འཐུན་ཕྱོགས་ཡིན་པས་དངོས་ཀྱི་མ་ངེས་པའི་ཉེས་པ་མེད་དོ་ཞེས་ལན་ནོ། །ཟླ་བའི་ལན་ནི་འཇིམ་པའི་བུམ་པ་སྐྱེ་མེད་དུ་ལེགས་ཀྱིས་ཁས་མ་བླངས་ཏེ། འཇིམ་པའི་བུམ་པ་སྐྱེ་བར་ཐ་སྙད་དུ་འདོད་པས་སོ། །དེས་ན་དངོས་པོ་ལ་འཐུན་ཕྱོགས་ཡིན་ཡང་བློས་མི་འཐུན་ཕྱོགས་སུ་བྱས་པས་མ་ངེས་པ་གནས་སོ། །མ་སྨྲས་པ་ནི་ཁས་མ་བླངས་པའོ། ། (23a8) ད་ནི་རང་ལ་མཚུངས་པར་ཐལ་བ་མེད་པར་སྟོན་པ་ལས་ཕྱོགས་སྔ་བརྗོད་པ། གལ་ཏེ་གཞན་གྱི་རྗེས་སུ་དཔག་པ་ནས་སོ། །དོན་ནི་ལེགས་ལྡན་གྱི་ཕྱོགས་པ་ཞིག་ན་རེ་ལེགས་ལྡན་གྱི་སྦྱོར་བ་ལ་མ་གྲུབ་པ་ལསོགས་པའི་ཇི་སྐད་བརྗོད་པ་དེ་དག་ཐམས་ཅད་ཟླ་གྲགས་རང་གི་སྦྱོར་བ་གཉིས་པོ་ལ་ཡང་མཚུངས་སོ། །དེས་ན་སྐྱོན་ཐུན་མོང་དུ་འོང་པ་ལ་ཅིག་ཤོས་ཁོ་ན་ལ་བརྗོད་པ་མི་རིགས་སོ་ཟེར་རོ། །ཟླ་བའི་སྦྱོར་བ་ནི་འདི་ལྟ་སྟེ། (23b1) མངོན་པར་མི་གསལ་བའི་བུམ་པ་ཆོས་ཅན། བདག་ལས་མ་སྐྱེ་སྟེ་ཡོད་པའི་ཕྱིར་མངོན་གསལ་གྱི་བུམ་པ་བཞིན་ཅེས་པའོ། །འདི་ལ་ཡང་ཧེ་དུ་གང་རུང་ལ་མ་གྲུབ་གཞིའ་ཆོས་ཅན་མ་གྲུབ་དཔེའ་མ་གྲུབ་པོ་ཞེའོ། །གཞན་ནི་ལེགས་ལྡན་ནོ། །རྗེས་དཔག་ནི་ཧེ་དུའོ། །རང་གི་ཟླ་གྲགས་སོ། །ཇི་སྐད་སྨྲས་པ་ནི་དོན་དམ་ཀུན་རྫོབ་ཀྱི་བརྟག་པས་སོ། །གཞི་ནི་ཆོས་ཅན་ནོ་ཧེ་དུ་ནི་ (23b2) ཡོད་པ། སོགས་ཀྱིས་དཔེའོ། ། དེའི་ལན་བརྗོད་པ། བརྗོད་པར་བྱ་སྟེ་ཞེས་པ་ལསོགས་པས་གཉིས་ཀ་ལ་གྲུབ་པ་མི་བརྗོད་པ་བསྟན་ཏེ། དེའི་དོན་ནི་གཉིས་ཀ་ལ་གྲུབ་པ་ནི་རང་རྒྱུད་ཡིན་ལ་རང་རྒྱུད་བྱེད་ན་སྐྱོན་མཚུངས་པ་བདེན་མོད་ཀྱི། །ཁོ་བོ་ནི་གཞན་གྲགས་བྱེད་པས་ཉེས་པ་མེད་ཅེས་པའོ། །འདིར་འགྱུར་ནི་དོན་དམ་ཀུན་རྫོབ་ཀྱི་བརྟག་པས་མ་གྲུབ་པའོ། །རྗེས་སུ་དཔག་པ་དག་ནི་བྱེད་ (23b3) ཅེས་པ་ནས་གཞན་གྲགས་བྱེད་པར་སྟོན་ཏེ། གཞན་གྲགས་བྱེད་པ་ལ་ཧེ་དུ་དང་དཔེའ་རང་ལ་གྲུབ་མི་དགོས་ཕ་རོལ་པོ་ལ་གྲུབ་པས་ཆོག་གོ །གཞན་གྲགས་ཇི་ལྟར་བྱེད་ན་དེའི་སྦྱོར་པ་བཤད་པ་འདི་ལྟར་གཞན་ཅེས་པ་ནས་སོ། །དོན་ནི་ཕ་རོལ་པོས་མིག་ལ་ཆོས་གཉིས་ཁས་བླངས་ཏེ་རང་ལ་མི་ལྟ་བ་དང་གཞན་གཟུགས་ལ་ལྟ་བའོ། །དེ་ལྟར་ན་རང་ལ་མི་ལྟ་བས་ཕྱོགས་ཆོས་ཁས་བླངས། (23b4) ཁྱབ་པ་ཁས་བླངས་སམ་མཐར་འཐུག་པའོ། །འདི་ལྟ་སྟེ་གང་དང་གང་ལ་རང་གི་བདག་ཉིད་ལྟ་བ་མེད་པ་དེ་དང་དེ་ལ་ནི་གཞན་ལྟ་བ་ཡང་ཡོད་པ་མ་ཡིན་ཏེ། དཔེར་ན་བུམ་པ་བཞིན་རྣ་བ་བཞིན་ཅེས་པའོ། །རྣ་བ་གཞན་ལ་མི་ལྟ་བ་བཞིན་རང་ལ་ཡང་མི་ལྟ་བས་སོ། །དཔེའ་ཡང་ཕ་རོལ་པོ་ཉིད་ལ་གྲུབ་པས་ཁྱབ་པ་ཁས་བླངས་སོ། །ཡང་ན་ཁས་བླངས་ཀྱི་འཐར་ཐུག་པ་སྟེ། རང་ལ་མི་ (23b5) ལྟ་ཡང་གཞན་ལ་ལྟ་ན་ཅི་སྟོ་དཔེར་ན་མེ་བཞིན་ཟེར་བ་ན། མེ་རང་བཀག་པས་ཁྱབ་པ་གྲུབ་པ་སྟེ་བདག་ལས་སྐྱེ་འམ་ཞེས་རྡོ་རྗེ་གཟེགས་མ་ལས་སོ། །དེས་ན་ཁྱབ་མ་གྲུབ་པའི་རྒྱུ་མཚན་བཀག་པས་གྲུབ་པའོ། ། སློབ་དཔོན་དབང་ཕྱུག་སྡེ་ཡན་ཆད་ཕལ་ཆེར་ནི་འཐུན་ཕྱོགས་ལ་འཐོང་པ་ཙམ་གྱིས་ཁྱབ་པ་གྲུབ་པར་འདོད་དོ། །འཇུག་བསྡུ་བ་ནི་དེའི་ཕྱིར་ཅེས་པ་ལསོགས་པའོ། །སྦྱོར་བ་འདི་རྩ་ཤེའི་སྐྱེ་མཆེད་བརྟག་ (23b6) པ་ན་ཡོད་པའོ། ། གང་གི་ཕྱིར་ཅེས་པ་ནས་ནི་རང་ལ་མཚུངས་པའི་སྐྱོན་མེད་པར་སྟོན་ཏེ། འདི་ཙམ་ནི་ཧེ་དུ་དང་དཔེའ་ཕ་རོལ་པོ་ལ་གྲུབ་པ་ཙམ་བརྗོད་ཀྱི་གཉིས་ཀ་ལ་གྲུབ་པ་མི་དགོས་སོ། །གང་ལས་ཅེས་པས་ལྡོག་ཁྱབ་སྟོན་ཏེ་སྐྱོན་མཚུངས་པ་ལ་སྐྱོན་འཇུག་པས་ཁྱབ་པ་ལ་དེ་མེད་པའོ། །གང་ཡང་རུང་པ་ལ་གྲུབ་པས་གནོད་པ་གྲུབ་པར་བཤད་པ། ཡང་ཅི་གང་ཡང་ཅེས་པ་ནས་དྲི་པའོ། ། (23b7) གང་ཡང་རུང་པ་ལ་ཞེས་པ་འདིར་འདམ་ཁར་བསྟན་ཡང་འདི་ལྟར་ཡིན་ཏེ། སུན་འབྱིན་བྱེད་ལ་མ་གྲུབ་ཀྱང་དབྱུང་བྱ་ལ་གྲུབ་པས་གནོད་པར་འགྲོ་འམ་ཅེས་འདྲི་པའོ། །ལན་ཡོད་དེ་ཅེས་པ་ནི་ཕ་རོལ་པོ་ལ་ཧེ་དུ་གྲུབ་པས་གནོད་པ་ཅེས་པའོ། །རང་ཉིད་ནི་སུན་དབྱུང་བྱའོ། །གཞན་ནི་སུན་འབྱིན་བྱེད་དོ། །འཇིག་རྟེན་དུ་མཐོང་བའི་ཕྱིར་ཅེས་པ་འཐད་པ་སྟེ། དབུའ་མ་པ་ (23b8) ལ་མ་གྲུབ་ཀྱང་ཕ་རོལ་པོ་ལ་གྲུབ་པས་གནོད་པ་ཐེངས་པར་འཇིག་རྟེན་ན་མཐོང་ཅེས་པའོ། ། དེ་རྒྱས་པར་བརྗོད་པ་འཇིག་རྟེན་ན་ནི་ཅེས་པ་ལསོགས་པའོ། །དོན་འདི་སྐད་བསྟན་ཏེ། འཇིག་རྟེན་གྱི་རྣམ་གཞག་ནི་བསྟན་བཅོས་ལ་དབང་དུ་བྱ་བ་ཡིན་པས། རིགས་པའི་གནས་སྐབས་སུ་ལོ་ག་པའི་ཚུལ་ལུགས་འཐད་པར་འགྱུར་རོ། །ལོ་ག་པ་ནི་ཤགས་ཀ་བྱེད་པ་ན་དཔང་པོ་གཞག་སྟེ་དཔང་པོས་ཁྱེད་ (24a1) འཕམ་ཅེས་ཟེར་པ་ཡང་ཡོད། རེས་འགའ་རང་ཉིད་སྒྲར་བཅུག་པས་རང་འཕམ་པར་བྱས་པ་ཡང་ཡོད་དོ། །དེ་བཞིན་རེས་འགའ་དཔང་པོས་ཕ་རོལ་པོ་འཕམ་པ་སྟེ། དཔེར་ན་སོ་མ་འབ་ཏྲས་བྲམ་ཟེ་ཕམ་མོ་བྱས་པ་ལྟ་བུའོ། །འདི་ལྟར་ལོ་ཙས་ཁ་ཆེར་ཕྱིན་མ་ཐག་ན་ཧར་ཤ་དེ་བ་ཡོད་དང་དེ་ནི་སྒྲ་མཁས་པ་ཚད་མ་ཡང་བཟང་པོར་ཡོད་པ་ཞིག་ཡིན་པས། པན་པི་ཏ་མང་ (24a2) པོ་ཚོགས་ཤིང་རྩོད་པ་ཉི་ཚེ་བྱེད་པའོ། །བྱེད་ལུགས་ནི་བློན་པོ་ལསོགས་པས་ཡོན་བདག་བྱས་ནས་ས་རྐོས་ཏེ་རུ་སྦལ་གཅིག་དོང་དུ་བཅུག་ནས་དེའི་སྟེང་དུ་མེ་སྦར་ནས་སྦྱིན་བསྲེག་བྱེད། པན་ཌི་ཏ་རྣམས་ལ་གོ་ལ་ལསོགས་པ་དང་བཏུང་པ་འདྲེན་ནོ། །དེའི་ཚེ་དཔང་པོ་ཡང་སོ་མ་བྷ་ཏྲའོ། །བྲམ་ཟེ་འབྱོར་པ་ཅན་ཞིག་གིས་སོ་མ་བྷ་ཏྲ་དེའི་ཡོན་བདག་བྱས་སུ་ལ་ཆོས་བསླབས། དེ་དུས་སུ་ཧ་སུ་ལསོགས་པ་ (24a3) ཆེ་བ་བཞི་ཐོན། འཕྲན་མང་དུ་བྱུང་། བྲམ་ཟེ་དེའི་བུ་དང་ཧ་སུ་གཉིས་སོ་མ་འབའ་ཏྲ་དཔང་པོར་བྱས་ནས་བརྩོད་པས་དེས་ངོར་དགའ་མ་བྱས་པར་ཧ་སུ་རྒྱལ་བར་སྨྲས་སོ། །རང་གི་ཚིག་ནི་ཕ་རོལ་པོ་འོ། །གཞན་ནི་དབུ་མ་པའོ། ། འཇིག་རྟེན་ན་ཇི་ལྟར་ཅེས་པ་ནས་སྔར་བཞིན་འཇིག་རྟེན་རིགས་པའི་འཐད་པར་འགྲོ་བ་སྟོན་ཏོ། །ཟླ་གྲགས་ན་རེ་སྔོན་གྱི་སློབ་དཔོན་འབའ་ཞིག་ཀྱང་དབུའ་མ་པ་ (24a4) ལ་གྲུབ་མི་དགོས་གཞན་ལ་གྲུབ་པས་ཆོག་ཟེར་རོ་ཞེས་བཤད་པ། དེ་ཉིད་ཀྱི་ཕྱིར་ཅེས་པ་ལསོགས་པའོ། །གང་ཞིག་ནས་ཕྱོགས་ཀྱི་གླང་པོའི་འདོད་པ་སྟེ། དེ་ན་རེ་སྒྲུབ་པ་དང་སུན་འབྱིན་པ་གཉིས་ཀ་ལ་ཆོས་ཅན་ཧེ་ཏུ་གཉིས་ཀ་ལ་གྲུབ་དགོས་ཏེ། གཉིས་ཀ་ལ་མ་གྲུབ་ན་དགག་སྒྲུབ་མི་འདོད་སྟེ། གང་རུང་གཅིག་ལ་མ་གྲུབ་པ་འམ་ཐེ་ཙོམ་ཟ་ན་ནི་དགག་པ་མི་བཏུབ་སྒྲུབ་ན་མི་འགྲུབ་ (24a5) པོ་ཟེར་རོ། །དེས་ཀྱང་ནས་ནི་དེ་སྐད་ཟེར་བའི་གླང་པོ་དེས་ཀྱང་བདག་གིས་བཤད་པ་ཕ་རོལ་པོ་ལ་གྲུབ་པས་ཆོག་པའི་ཚུལ་འདི་ཁས་བླང་དགོས་ཅེས་སྟོན་ཏོ། དེའི་འཐད་པ་སྟོན་པ་ནི་འདི་ལྟར་ལུང་ནས་སོ། །གླང་པོ་ལ་འདི་སྐད་དྲི་སྟེ་ལུང་འཐད་པར་གཏོང་བའི་སྐབས་སུ་གཉི་ག་ལ་གྲུབ་པའི་ལུང་ཡིན་ན་འཐད་པར་འགྱུར་བ་བདེན་མོད་ཀྱི། ཕ་རོལ་པོ་ཁོ་ན་ལ་གྲུབ་པས་འཐད་པ་ (24a6) ཡིན་ནམ་ཅེས་བྱའོ། །དེ་ནི་ཁས་ལེན་དགོས་ལ་དེ་བཞིན་དུ་ཧེ་དུ་ལསོགས་པ་ཡང་གཉི་ག་ལ་གྲུབ་མི་དགོས། །གཞན་ལ་གྲུབ་པས་ཆོག་ཅེས་བྱའོ། །དེ་མི་ཆོག་ན་ལུང་ཡང་ཕ་རོལ་པོ་ལ་གྲུབ་པས་མི་ཆོག་པར་ཁས་ལོང་། །དེ་མི་ལེན་ན་དེ་ཡང་ངོ་། ལུང་རང་གཅིག་པུ་ལ་གྲུབ་པས་འཐད་པར་འགྲོ་བ་ནི་འདི་ལྟ་བུ་སྟེ། ཁ་ཆེ་ན་བདུད་རྩི་འཁྱིལ་པ་བྱིན་བརླབས་ཆེ་བ་ཞིག་ (24a7) ཡོད། དེའི་བདན་དུ་ཚོགས་བདག་གླང་སྣ་ཡོད་པ་ན་དེ་མུ་སྟེགས་པའི་ལྷ་ཡིན་པས་མ་དགའ་སྟེ། དོད་པོར་གླང་སྣའི་བདན་ཤག་ཐུབ་ལ་བྱས་སོ། །དེའི་ཚེ་མཉའ་ན་ཤྲིས་མི་ཡོ་བསོགས་ནས་དེའི་བདན་དེ་ལ་བྱེད་པའི་ལུང་གང་ན་ཡོད་ཁྱེར་ལ་ཤོག་བྱས་པས་ལུང་མ་བྱུང་ངོ་། །ཁྱེད་ལ་ལུང་ཡོད་དམ་ཟེར་བ་ན་རྒྱུད་བ་བསོ་ནས་གདན་བྱ་བར་གསུངས་པ་བྱུང་པས་ཕམ་སྐད་དོ། ། གཞན་ཡང་རང་དོན་རྗེས་དཔག་ (24a8) བྱེད་པ་ན་གཉི་ག་ལ་གྲུབ་པ་མི་དགོས་པ་བཞིན་འདིར་ཡང་ཁས་ལོང་། དེ་མི་ལེན་ན་འདིར་ཡང་རང་གཅིག་པུ་ལ་གྲུབ་པའི་ཧེ་དུ་ལསོགས་པས་སྒྲུབ་མི་ནུས་ཅེས་འགོས་སྒྲེ་སྟོན་པ་ནི་རང་གི་དོན་ཅེས་པ་ལསོགས་པའོ། །བརླིང་པ་ནི་གཙོའ་བོ་ཡིན་པའི་དོན་ཏོ། །གཉིས་ཀ་ལ་གྲུབ་མི་དགོས་པ་དེ་ཉིད་ཀྱི་ཕྱིར་རྟོག་གེའི་མཚན་ཉིད་སྟོན་པའི་བསྟན་བཅོས་དགོས་པ་མེད་དོ། ། (24b1) གལ་ཏེ་རྟོག་གེ་མི་དགོས་ན་བུ་ཏས་སེམས་ཅན་གྱི་དོན་ཇི་ལྟར་བྱེད་ཅེ་ན། བུ་ཏ་ཐམས་ཅད་ཀྱིས་ཀྱང་ཁོ་བོས་བརྗོད་པའི་གཞན་གྲགས་ཀྱི་འཐད་པས་དེ་ཁོ་ན་མི་ཤེས་པའི་གདུལ་བྱའི་སྐྱེ་བོ་ལ་ཕན་བཏགས་སོ། །འདི་ལྟར་མི་གཙང་བ་གཉིས་ཀ་ལ་མ་གྲུབ་ཀྱང་ཕ་རོལ་པོ་ལ་མི་གཙང་བ་འགའ་ཞིག་གྲུབ་པ་ནི་འདི་དང་འདི་ཡང་མི་གཙང་བར་འདྲའོ་ཞེས་བཅོམ་ལྡན་འདས་ཀྱིས་བསྟན་པས་གཙང་འཛིན་འདོག་པའི་ཕྱིར་རོ། ། (24b2) གང་ཞིག་རང་སྐྱེའི་རྩ་བར་འགྱུར་བ་གྲངས་ཅན་ཏེ། དེ་ཉིད་འཐད་པ་རྣམ་གཞིའི་དགག་བྱར་གྱུར་པས་བཀག་མོད་ཀྱི། འདི་ཉིད་དགག་པ་བྱེད་པ་ཐམས་ཅད་ཀྱི། ། རིགས་པ་མཆོག་དུ་ཟླ་མྱེད་ཡིན་ཤེས་ཀྱིས། ། ། ། (21) གཞན་སྐྱེ་དགག་པའི་ཕྱིར་བཤད་པ་དཀྱུས་མ་ཉིད་བཤད་པར་བྱའོ་ཅེས་པ་ལསོགས་པའོ། །གཞན་ལས་མིན་ཅེས་པའི་དམ་བཅའ་དེ་ཉིད་བཤད་པ། དངོས་པོ་ (24b3) རྣམས་ནི་གཞན་ལས་སྐྱེ་བ་ཡང་མ་ཡིན་ཏེ་ཞེས་པའི་དམ་བཅའ་ཡང་འདི་ཡིན་ཏེ་ཞེས་པའི་དམ་བཅའ་འདིའོ། །དེའི་འཐད་པ་བཤད་པ་གཞན་མེད་པའི་ཕྱིར་རོ་ཞེས་པ་སྟེ། གཞན་ལས་སྐྱེ་བ་ལ་གཞན་ཡོད་པས་ཁྱབ་ལ་ཁྱབ་བྱེད་གཞན་མ་གྲུབ་པའི་ཕྱིར་རོ། །གཞན་མ་གྲུབ་པའི་རྒྱུ་མཚན་ཁ་འཕངས་བྱེད་པ་ནི་འདི་ཡང་དངོས་པོ་རྣམས་ཀྱི་རང་བཞིན་ཅེས་པ་སྟེ་སྐབས་ཇི་ལྟ་བ་བཞིན་བདག་གིས་ (24b4) ཀྱང་བརྗོད་པར་བྱའོ། ། གཞན་འགོག་པའི་རིགས་པ་འདི་ལྟ་བུ་ཡང་ཡོད་དེ། །གཞན་ནི་རྒྱུན་ལ་འཇོག་དགོས། རྒྱུན་ནི་བཏགས་པ་ཡིན་པས་མེད་དོ། རྒྱུན་ཅན་སྐད་ཅིག་གཅིག་ནི་རྫས་གྲུབ་པོ། །དེས་ན་རྒྱུན་མེད་དེ་འབྲས་བུའི་སྐད་ཅིག་ཡོད་པ་ན་རྒྱུའི་སྐད་ཅིག་མེད་པས་གཞན་མེད་པ་དང་། རྒྱུའི་སྐད་ཅིག་ཡོད་པ་ན་འབྲས་བུའི་སྐད་ཅིག་མེད་པས་གཞན་མ་གྲུབ་པོ། །དེའི་ཕྱིར་རྒྱུ་འབྲས་ (24b5) ལ་ཐ་དད་མེད་ལ་དེ་ཉིད་ཀྱིས་གཞན་མེད་དོ། །གཞན་མེད་པས་གཞན་སྐྱེ་མེད་དོ་དེ་མ་གྲུབ་པའོ། ། དབུའ་མ་ལ་འཇུག་པར་བཤད་པའི་འཐད་པ་བསྟན་པ་གཞན་ཡང་ཅེས་པ་ནས་སོ། །དེ་ལས་འདི་སྐད་དུ་སྟོན་ཏོ་གཞན་ཉིད་ཁས་བླངས་ཏེ་དགག་པ་དང་། གཞན་ཉིད་མ་གྲུབ་པ་དང་། མུ་བཞིས་དགག་པའོ། །དེས་ན་འདིར་གོ་རིམས་མི་མཐུན་ནོ། །གཞན་ཁས་ (24b6) བླངས་ཏེ་དགག་པ་ནི་ཚིགས་བཅད་འདི་ཉིད་དོ། །དངོས་པོ་རྣམས་ནི་གཞན་ལས་སྐྱེ་བ་མ་ཡིན་ཏེ་ཅེས་པ་དམ་བཅའ་གོང་མ་ལས་བཟློག་པ་བསྟན་པ། །གཞན་ལ་བརྟེན་ནས་གལ་ཏེ་གཞན་ཞིག་འབྱུང་པར་འགྱུར་ན་ནི། ཅེས་པའོ། །འདོད་པ་དེ་ལ་རིགས་མི་འཐུན་ལས་སྐྱེ་བར་ཐལ་བ་བརྗོད་པ། འོ་ན་མེ་ལྕེ་ལས་ཀྱང་མུན་པ་འཐུག་པོ་འབྱུང་འགྱུར་ཞིང་སྟེ། འབྱུང་པར་ཐལ། (24b7) གཞན་ཡིན་པའི་ཕྱིར་རོ། །ཐལ་བ་ལས་གཞན་དུ་གྱུར་པའི་མེ་ལྕེ་ལས་མུན་པ་མི་འབྱུང་པའི་ཕྱིར་གཞན་ལས་གཞན་མི་སྐྱེ་བར་ཐལ་ཅེས་འགལ་བརྗོད་དོ། །ཡང་ན་འགོ་སྙོམ་དུ་བྱའོ། །ཕྱོགས་ཆོས་ནི་ཁས་བླངས་ཏེ། གཞན་དག་གིས་རྒྱུ་འབྲས་གཉིས་དུས་ཐ་དད་པ་དང་གཞན་ཡིན་པར་འདོད་པའི་ཕྱིར་རོ། །ཁྱབ་པ་ནི་ཁས་བླངས་དང་འཐར་ཐུག་པ་སྟེ། ཁྱབ་པ་མ་གྲུབ་ (24b8) ཟེར་ན་དེའི་རྒྱུ་མཚན་ཞིག་བརྗོད་དགོས། རྒྱུ་མཚན་ནི་སྒྲུབ་བྱ་དང་མཚུངས་པའོ། ། འདི་ལྟར་ཕ་རོལ་པོ་ན་རེ་ཐ་དད་ཀྱང་མུན་པ་མེ་ལྕེ་ལས་མི་སྐྱེ་བ་ཅི་སྟོ། །སྤྱིར་ཐ་དད་ལ་གཉིས་ཡོད་དེ། ཕན་གདགས་བྱ་འདོགས་བྱེད་ཀྱི་ཐ་དད་དང་། ཕན་གདགས་བྱ་འདོགས་བྱེད་མེད་པའི་འོ། །དེས་ན་ཅིག་ནི་རྒྱུ་འབྲས་ལ་གཅིག་ཤོས་རྒྱུ་འབྲས་མ་ཡིན་པས་མི་སྐྱེ་ཟེར་ན་ནི་རྒལ་བ་ལན་དུ་སོང་པ་སྟེ། (25a1) རྒྱུ་འབྲས་མ་ཡིན་བྱས་པ་ན་རྒྱུ་འབྲས་ཡིན་པས་ཅེས་བརྗོད་པར་སོང་ངོ་། ། གཉིས་པ་སྐྱེ་བ་མ་ངེས་པར་ཐལ་བ་བཤད་པ། །ཐམས་ཅད་ལས་ཀྱང་ཐམས་ཅད་སྐྱེ་བར་འགྱུར་ཏེ་གང་གི་ཕྱིར། །སྐྱེད་པར་བྱེད་པ་མ་ཡིན་མ་ལུས་ལ་ཡང་གཞན་ཉིད་མཚུངས་ཞེས་སོ། །ཐམས་ཅད་ལས་ནི་རྒྱུ་དང་རྒྱུ་མ་ཡིན་པ་ཐམས་ཅད་ལས་སོ། །ཐམས་ཅད་ནི་འབྲས་བུ་དང་འབྲས་བུ་མ་ཡིན་པ་ཐམས་ཅད་ལས་སོ། ། (25a2) དོན་འདི་ཡིན་ཏེ། ས་ལུའི་མྱུ་གུ་དེ་རང་གི་རྒྱུ་ས་ལུའི་ས་བོན་དང་གཞན་ནས་ཀྱི་ས་བོན་ལསོགས་པ་ལས་སྐྱེ་བར་ཐལ་གཞན་སྐྱེད་བྱེད་ཡིན་པའི་ཕྱིར་རོ། །རྒྱུ་ས་ལུ་ལས་རང་གི་མྱུ་གུ་དང་གཞན་ནས་ཀྱི་མྱུ་གུ་དང་བུམ་པ་ལསོགས་པ་ཐམས་ཅད་སྐྱེ་བར་ཐལ། །གཞན་ལས་གཞན་སྐྱེ་བའི་ཕྱིར་རོ། །འདི་ཡང་ཧེ་དུ་ཁས་བླངས་ཁྱབ་པ་ཡང་མཐར་ཐུག་པ་སྟེ། དབུའ་མ་ལ་འཇུག་པ་ལས་ཁྱབ་པ་མ་གྲུབ་པའི་རྒྱུ་ (25a3) མཚན་རྒྱུ་དང་འབྲས་བུའི་ཆོས་མི་འདྲ་བ་ལསོགས་པ་བཤད་པ་དེ་ལྟར་རོ། ། སངས་རྒྱས་སྐྱངས་ཀྱི་མཐད་པ་སྦྱར་བ་སློབ་དཔོན་ནས་སོ། །འདི་དང་འཇུག་པ་གཉིས་ལ་བཤད་པ་ཁྱད་མེད་དོ། །ཟླ་གྲགས་ཀྱིས་ཀྱང་འདི་ལ་རྟེན་ནས་འཇུག་པ་བཀོད་དོ། །དེ་དང་གཅིག་བཞིན་དུ་ཡང་བཀོད་པ་ནི་འདི་ལ་ལེགས་ལྡན་གྱིས་སུན་འབྱིན་ལྟར་སྣང་བྱས་པ་སྤང་པའི་དོན་དུའོ། ། དང་པོ་སུན་འབྱིན་བཤད་པ། (25a4) འདི་ལ་སློབ་དཔོན་ལེགས་ལྡན་བྱེད་ནི་སུན་འབྱིན་སྨྲའོ་ཞེས་སྦྱར་རོ། །ཇི་སྐད་སྨྲས་ན་དེས་ན་འདི་ལ་ཐལ་བར་འགྱུར་བའི་ངག་ཡིན་པའི་ཕྱིར། བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པ་བཟློག་པ་བྱས་ནས་དངོས་པོ་རྣམས་བདག་གམ་གཉིས་སམ་རྒྱུ་མེད་ལས་སྐྱེ་བར་འགྱུར་བ་དང་འགའ་ཞིག་ལས་འགའ་ཞིག་སྐྱེ་བར་འགྱུར་བའི་ཕྱིར་ཕྱོགས་གོང་མ་དང་འགལ་བར་འགྱུར་རོ་ཞེས་སོ། །པན་ཌི་ཏ་ན་རེ་ (25a5) ལེགས་ཀྱི་ཐལ་བ་བཟློག་ལུགས་འདི་ཡིན་ཏེ་གཞན་ལས་སྐྱེ་བ་མེད་པ་བཟློག་པས་བདག་གམ་གཉིས་ཀ་འམ་རྒྱུ་མེད་ལས་སྐྱེ་བའོ། །ཧེ་དུ་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་ཐལ་བ་བཟློག་པ་ནི་འགའ་ཞིག་འགའ་ཞིག་ལས་སྐྱེ་བའོ། །དེས་ན་གྲུབ་མཐའ་དང་འགལ་ཏེ་བདག་སྐྱེ་ལསོགས་པ་བྱུང་པའི་ཕྱིར་རོ། །དེ་ལྟ་ན་ནི་ལེགས་རྒོལ་བ་མི་མཁས་པས་འདི་ལྟར་ཡིན་ཏེ། (25a6) གཞན་ལས་སྐྱེ་ན་ཅེས་པ་ཧེ་དུ་ཡིན་ཏེ་དེ་བཟློག་པ་འགའ་ཞིག་ལས་སྐྱེ་བའོ། །ཐལ་བ་བཟློག་པ་ནི་བདག་སྐྱེ་ལསོགས་པའོ། །སྒྲུབ་བྱ་ལ་ཕྱིར་སྦྱར་བ་ནི་བཟློག་པ་ན་འཐད་པར་བཏང་འདོད་པའོ། །དེ་ལྟར་ན་གྲུབ་མཐའ་དང་འགལ་པའོ། །ཐལ་བ་མི་བཟློག་ཟེར་ན་ཡང་སྐྱོན་ཡོད་པ་བསྟན་པ་གཞན་དུ་ན་ཡང་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་འགྱུར་བའི་ཕྱིར་རོ། ། (25a7) ཅེས་པའོ་སྐྱེ་བ་ངེས་མེད་དུ་འགྱུར་ཅེས་པའོ། །བདག་གིས་ངག་འདི་ལྟར་རྟོགས་ཏེ་གཞན་ལས་སྐྱེ་བ་མེད་ཅེས་པ་དམ་བཅའ། གཞན་མ་གྲུབ་པའི་ཕྱིར་ཅེས་པ་ཧེ་དུའོ། །ཧེ་དུ་མ་གྲུབ་ཅེས་པ་ལ་ཕྱོགས་ཆོས་སྒྲུབ་པ་ནི་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་ཐལ་ཅེས་པ་ཏེ། གཞན་གྲུབ་ཅིང་གཞན་དུ་གྱུར་པའི་ས་བོན་ལས་མྱུ་གུ་གཞན་སྐྱེ་ན་སྔར་བཞིན་ས་བོན་གཅིག་ལས་འབྲས་ (25a8) བུ་ཐམས་ཅད་འབྱུང་པར་ཐལ་ཅེས་སྟོན་ཏོ། །ཐལ་བ་བཟློག་ཚུལ་ཡང་དེས་གོའོ། ། དེ་བས་ན་སྒྲུབ་པ་དང་སུན་འབྱིན་པ་མེད་པའི་ཕྱིར་ཅེས་པ་ནི། ལེགས་ལྡན་ན་རེ་ཐལ་བ་བཟློག་པ་དང་མ་བཟློག་པ་གཉིའ་ག་ལ་སྐྱོན་ཡོད་པས་རང་ཕྱོགས་སྒྲུབ་པ་མི་འཐད། གཞན་ཕྱོགས་སུན་འབྱིན་པ་མེད་དོ་ཟེར་བའོ། །དོན་འབྲེལ་པ་མེད་པ་ནི་སྐྱངས་ཀྱི་ངག་འབྲེལ་མེད་དུ་ (25b1) སོང་སྟེ། དཔེར་ན་ཟླ་བའི་འོད་ཟེར་དག་ནི་ཚ་བའི་དུས་ན་བསིལ་དུས་སྟོན་པ། སྨྱུག་མ་སྨྱུག་འདེའུ་དག་ནི་མངར་ཞིང་ཁ་བག་ཆེ་རོ་སྟོན། །སླེ་གྲེས་བླ་དག་སྐྱུ་རུ་ར་ནི་ཚ་བའི་ནད་ལ་ཕན་བསྲོ་བ་སྟོན། །སྨད་འཚོང་རྣམས་ལ་སྙིང་དུ་སྡུག་པ་གཅིག་ཀྱང་མྱེད་ཅེས་པ་འདོད་པ་སྟོན་བཞིན་ནོ། ། ཟླ་བས་དེ་བཟློག་པ་བཤད་པ་འདི་ཡང་ནས་སོ། །ཐལ་བ་དང་ཐལ་བ་བཟློག་པ་གཉིས་ཀ་ཐལ་བ་ཡིན་པས་ཉེས་པ་མེད་དེ་ (25b2) ཞེས་སྔར་བཞིན་ནོ་ཞེས་ཁ་འཕངས་སོ། །གཞན་ཡང་ཐལ་བས་རང་ཕྱོགས་མི་སྒྲུབ་པར་ཐལ་བ་ནི་འདོད་པ་ཉིད་དོ། །གཞན་ཕྱོགས་སུན་མི་འབྱིན་པར་ཐལ་བ་མི་འཐད་པར་བཤད་པ་གཞན་གྱིས་ནས་ཏེ་སླའོ། །སླར་ཡང་ནི་བདག་སྐྱེ་འགོག་པར་འཐད་པ་བཤད་ཟིན་པས་ཡང་མི་འཆད་པའོ། ། ཁ་གཅིག་ན་རེ་བདག་སྐྱེ་འདོད་མཁན་མེད་པ་ལ་གཞུང་མང་པོ་བཀོད་ནས། (25b3) གཞན་སྐྱེ་འདོད་པ་ལ་འདིར་འཐད་པ་མང་པོ་མ་བཀོད་དོ། །ཞེས་སྨྲ་བ་ནི་མི་འཐད་དེ། གཞན་སྐྱེའི་འཐད་པ་བདག་སྐྱེར་བཤད་པའི་ཕྱིར་དང་འཇུག་པར་རྒྱས་པར་བཤད་པའི་ཕྱིར་དགོད་མི་དགོས་པའོ། ། གཉིས་ཀ་ལས་སྐྱེ་བ་དགག་པའི་འཐད་པ་བཤད་པ་དངོས་པོ་རྣམས་ནི་གཉིའ་ག་ལས་སྐྱེ་བ་ཡང་མ་ཡིན་ཏེ་ཞེས་པ་ནས་སོ། །འདི་སྐད་དུ་ཁ་ཅིག་ན་རེ་ཕྱི་ནང་གི་དངོས་པོ་རྣམས་ནི་གཉི་ལས་ (25b4) སྐྱེ་སྟེ། བུམ་པ་འཇིམ་པ་ལས་སྐྱེ་བ་ན་འཇིམ་པ་དང་བུམ་པ་ངོ་བོ་ཅིག་པས་རང་ལས་སྐྱེ་བའོ། །རྫ་མཁན་ལས་ཀྱང་སྐྱེ་བས་གཞན་ལས་སྐྱེ་བའོ། །ནང་ཡང་རང་ལས་སྐྱེ་སྟེ་བྱམས་པ་སྐྱེ་བ་སྔ་མའི་སྲོག་ལས་འབྱུང་ལ་སྲོག་དང་བྱམས་པ་གཅིག་པས་རང་ལས་སྐྱེ། །ཐ་དད་ཕ་མ་ལས་བྱུང་པས་གཞན་ལས་ཀྱང་ངོ་ཞེའོ། །དེ་ལ་སྔར་བསྟན་པའི་ཉེས་པ་ཐོག་དུ་འབབ་ (25b5) པ་བརྗོད་པ་ཕྱོགས་གཉིའ་ག་ནས་ཏེ་སྔར་རེ་རེ་མ་གྲུབ་པར་བསྟན་པས་གཉིས་ཀ་ལས་སྐྱེ་བ་མི་འཐད་དེ། །བྱེ་མ་རེ་རེ་ལ་མར་འབྱིན་པའི་ནུས་པ་མེད་ཙམ་ན་བྱེ་མ་ཐམས་ཅད་ཚོགས་པས་ཀྱང་མི་ནུས་པ་བཞིན་ནོ། །རེ་རེ་ལ་ནས་ནི་ཚོགས་པས་འགོག་སྟེ། རེ་རེ་སྐྱེད་བྱེད་དུ་མ་གྲུབ་པ་ན་གཉིས་ཚོགས་པ་ཡང་སྐྱེད་བྱེད་མྱི་འཐད་དོ། །དོན་དེ་ཉིད་སྡུག་བསྔལ་བརྟག་པ་ལས་གསུངས་ (25b6) ཅེས་བརྗོད་པ། གལ་ཏེ་རེ་རེ་ནས་སོ། །སྐབས་འདིར་སྐྱངས་ཀྱི་ངག་བཀོད་ནས་སྐྱོན་མི་སྤོང་པ་ཅིའི་ཕྱིར་ཞེ་ན། སྔ་མ་གཉིས་ལ་སྐྱོན་སྤངས་པས་འདི་ཡང་གྲོལ་བའི་ཕྱིར་མ་སྨོས་སོ། ། རྒྱུ་མེད་ལས་སྐྱེ་བར་འདོད་པ་ནི་ངོ་བོ་ཉིད་རྒྱུར་སྨྲ་བ་པ་སྟེ། ཚེར་མའི་རྣོ་བ་དང་པད་མའི་འཇམ་པ་ལསོགས་པ་རྒྱུ་རྐྱེན་སུས་ཀྱང་མ་བྱས་ཀྱི་ངོ་བོ་ཉིད་ཀྱིས་དེ་ལྟ་བུ་བྱུང་ (25b7) ངོ་ཞེའོ། །དེ་དགག་པའི་འཐད་པ་བཤད་པ་རྒྱུ་མྱེད་ལས་ཀྱང་མྱི་སྐྱེ་སྟེ་ཞེས་པ་ལསོགས་པའོ། །དབུ་མ་ལ་འཇུག་པ་ལས་རྒྱུ་མེད་ན་ཡུལ་དང་དུས་དང་རྫས་ངེས་མེད་དུ་ཐལ་བ་གསུངས་སོ། །ཕྱེད་པོ་འདི་ནི་འཐད་པ་སྟེ་ལས་དང་བྱེད་པ་པོ་བརྟག་པ་ལས་སོ། །གལ་ཏེ་ནས་འཇུག་པའི་འཐད་པ་སྦྱར་པའོ། ། སངས་རྒྱས་རྐྱངས་ཀྱི་འཐད་པ་ནི་ཚད་མ་དང་འཐུན་ (25b8) པ་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་ཐལ་བ་དང་། རྩོམ་པ་དོན་མེད་དུ་ཐལ་བ་སྟེ་རྒྱུ་མེད་པའི་ཕྱིར་རོ། ། ངག་འདི་ལ་ལེགས་ལྡན་ན་རེ་ཐལ་བ་བཟློག་པས་གྲུབ་མཐའ་དང་འགལ་པའི་སྐྱོན་ཡོད་ཟེར་ཏེ། སྒྲུབ་བྱ་རྒྱུ་མེད་བཟློག་པ་རྒྱུ་བཅས་སོ། །སྐྱེ་མེད་བཟློག་པ་སྐྱེ་བ་ཡོད་པའོ། །ཧེ་དུ་རྟག་དུ་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་ཐལ་བ་བཟློག་པ། ལན་འགའ་ཁ་ཅིག་ལས་ (26a1) ཁ་ཅིག་སྐྱེ་བར་འགྱུར་བའོ། །རྩོམ་པ་དོན་མྱེད་བཟློག་པ་རྩོམ་པ་འབྲས་བུ་དང་བཅས་པའོ། ། ཟླ་བས་དེ་བཟློག་པ་ནི་གྲུབ་མཐའ་དང་འགལ་བ་མེད་དེ་སྔར་ལན་བཏབ་ཟིན་པས་སྟེ། རང་རྒྱུད་མི་བྱེད་པའི་ཕྱིར་བཟློག་པ་དང་འབྲེལ་པའི་སྐྱོན་ཡང་ཕ་རོལ་པོ་ཉིད་ལ་འབྱུང་ངོ་། །གང་ཡང་དབང་ཕྱུག་ལསོགས་པ་ནས་ནི་ལེགས་ལྡན་ལ་སུན་ (26a2) འབྱིན་བྱེད་པ་སྟེ། ལེགས་ལྡན་ན་རེ་བདག་དང་དབང་ཕྱུག་དང་གཙོའ་བོ་ལསོགས་པ་ནས་སྐྱེ་བ་ནི་རྒྱུ་མེད་ལས་སྐྱེ་བ་བསྡུ་སྟེ། དཔེར་ན་བུ་ངན་པ་ལ་ལྟོས་ནས་བུ་མེད་ཟེར་བ་བཞིན་ནོ་ཞེས་ཤེས་རབ་སྒྲོན་མར་གསུངས་སོ། །དེ་ནི་ནོར་ཏེ་དབང་ཕྱུག་ལསོགས་པ་རྣམས་འབྲས་བུ་དང་གཅིག་གམ་ཐ་དད། དང་པོ་ལྟར་ན་བདག་སྐྱེར་འདུས་སོ། །གཉིས་པ་ལྟར་ན་གཞན་སྐྱེ་ཡིན་པས་སོ། ། (26a3) ངོ་བོ་གཅིག་ཀྱང་ཅིག་ལ་ཐ་ཡང་དད་ཟེར་ན་གཉིས་སྐྱེ་བར་འདུས་པའི་ཕྱིར་རོ། ། ཐམས་ཅད་ཀྱི་འཇུག་སྡུད་ཆེན་པོ་བཤད་པ། དེའི་ཕྱིར་སྐྱེ་བ་ནས་སོ། ། དམ་བཅའ་རྣམ་བཞི་འཐད་བཅས་པ། ། སྒྲས་བརྗོད་ཇི་བཞིན་བཀོད་པ་ནི། ། བརྩོན་པ་དང་ལྡན་སྤྱོད་པའི་སྟོབས། ། ཐོབ་པའི་དགེ་སློང་བདག་གིས་བརྩམས། ། ། ། (22)